ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། རིམས་ནད་གསོ་བཅོས་དང་འགོག་སྨན་གྱི་ནད་ཐོག་ཚོད་ལྟའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་གྲུབ་འབྲས་མཉམ་སྤྱོད་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་པྲོག་གསར་གློ་ཚད་རིམས་ནད་དང་མ་འོངས་པར་འབྱུང་སྲིད་པའི་བདེ་ཐང་གི་འཇིགས་ཉེན་གཞན་པ་ཐག་གཅོད་བྱེད་དགོས་ཟེར།
ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་འཕྲོད་བསྟེན་པུའུ་ཀྲང་གྲོས་ཚོགས་དེ་ཚེས་བཞི་ཉིན་དབྱིན་ཇིའི་ཉིག་ཅིན་ནས་གྲོལ་བ་དང་། ཚོགས་འདུའི་རྗེས་སུ་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མྱུར་མོར་རིམས་ནད་གསོ་བཅོས་དང་འགོག་སྨན་གྱི་ནད་ཐག་ཚོད་ལྟའི་སྒྲིག་ལམ་ཞིག་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། དེའི་ནང་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་ནད་ཐོག་ཚོད་ལྟའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་ཡང་འདུས་ཡོད། ཚོད་ལྟ་དེ་དག་ལས་སྤུས་ཚད་མཐོ་བ་དང་བློ་གཏོད་རུང་བ། གཤིབ་བསྡུར་བྱས་ཆོག་པའི་གྲུབ་འབྲས་ཐོན་པ་དང་། སྨན་རྫས་ཀྱི་གསོ་བཅོས་ཇུས་གཞི་དང་འགོག་སྨན་གྱི་ཚོད་ལྟའི་ལས་རིམ་ཇེ་མགྱོགས་སུ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།
དེ་ལས་གཞན་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འགོག་སྨན་བརྒྱག་པའི་ངོས་འཛིན་དང་། བདེ་ཐང་གཞི་གྲངས་མཉམ་སྤྱོད་ཀྱི་ཚད་གཞི། མིས་བཟོས་རིག་ནུས་བརྩི་སྲོལ་གྱི་བདེ་ཐང་ཁྱབ་ཁོངས་ཀྱི་བེད་སྤྱོད་སོགས་ཀྱི་ཐད་ནས་མཉམ་ལས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།
རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ལ་དབྱིན་ཇི་དང་ཨ་མེ་རི་ཁ། ཧྥ་རན་སི། འཇར་མན། དབྱི་ཐཱ་ལེ། ཁཱ་ནཱ་ཏཱ། འཇར་པན་བཅས་འདུས། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཟླ་དྲུག་པར་དབྱིན་ཇིའི་ཁང་བོ་ཨར་རྫོང་དུ་སྤེལ་རྒྱུ་ཡིན་པ་དང་། དབྱིན་ཇི་ནི་ད་ལོའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་འགོག་སྨན་གྱི་ནད་ཐོག་ཚོད་ལྟ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།