ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགྱུར་སྤེལ་བར་གཞིགས་ན། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་། འཇར་མན་གྱི་ཙུང་ལི་མའོ་ཁེར་གྱིས་ཉེ་ཆར། ཨ་རི་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་ཏེན་མག་གསང་མྱུལ་སྡེ་ཁག་ལ་བརྟེན་ནས་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ལ་ལྐོག་ཉན་བྱས་པ་ནི་དང་ལེན་བྱ་མི་འོས་པ་ཞིག་ཡིན་ཞེས་བཤད་ཡོད། སུའེ་ཏེན་དང་ནོར་ཝེ་སོགས་རྒྱལ་ཁབ་ཀྱི་དཔོན་རིགས་ཀྱིས་ཀྱང་དེ་བཞིན་དུ་ཨ་རིར་སྐྱོན་བརྗོད་བྱས་ཡོད།
དེའི་ཐད། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིང་གིས་ཟླ་6ཚེས་3ཉིན། ཨ་རིས་མནའ་འབྲེལ་རོགས་པ་ལ་ལྐོག་ཉན་བྱས་པ“དང་ལེན་བྱ་ཐབས་མེད་”ལ། གོ་ལ་ཡོངས་ལ་ལྐོག་ཉན་བྱེད་པ་དེ་བས་བཟོད་ཐབས་བྲལ་བ་ཞིག་ཡིན་ཞེས་བསྟན།
ཉེ་སྔོན། སྨྱན་སྦྱོར་གྱིས་ཁྱབ་བསྒྲགས་བྱས་པའི་ཨ་རིས་ཡོ་རོབ་མནའ་འབྲེལ་རོགས་པ་ལ་ལྐོག་ཉན་བྱེད་པ་ནི་ཨ་རིའི་གཞི་རྒྱ་ཆེ་བའི་དྲ་རྒྱའི་ལྐོག་ཉན་བྱེད་པའི་ཟུར་ཙམ་རེད། འདིའི་ཐད་ནས་ཨ་རིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བཤད་ཅིག་བྱ་དགོས།
དུས་ཡུན་རིང་པོའི་ནང་། ཨ་རིས་ཕྱོགས་གཅིག་ནས་རང་ཉིད་ཀྱི་ལག་རྩལ་ལེགས་ཆ་ལ་བརྟེན་ནས། འཛེམ་བག་མེད་པར་འཛམ་གླིང་ལ་གཞི་རྒྱ་ཆེ་ཞིང་ཁྱད་པར་མེད་པའི་ལྐོག་ཉན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས“རྒྱལ་ཁབ་ཀྱི་བདེ་འཇགས”ཟེར་བར་ཁ་གཡར་ནས་རྒྱལ་ཁབ་གཞན་པས་ཁྲིམས་མཐུན་ངང་གཉེར་བཞིན་པའི་ཁེ་ལས་ལ་གནས་ལུགས་མེད་པར་རྡུང་རྡེག་བཏང་། དེས་ཨ་རིའི་གཡོ་ཟོལ་དང་བཙན་ཤེད་གྱི་ངོ་བོ་དམར་རྗེན་དུ་བཏོན་ཡོད།
“སུ་ཞིག་གིས་ཆ་འཕྲིན་ལྐོག་ལེན་བྱེད་བཞིན་ཡོད་པ་དང་། ཡང་སུ་ཞིག་གིས་འཇིགས་སྐུལ་བཟོ་བཞིན་ཡོད།”
ཝང་ཝུན་པིང་གིས། ཨ་རིས་གཞི་རྒྱ་ཆེ་ཞིང་ཁྱད་པར་མེད་པའི་ལྐོག་ཉན་བྱ་སྤྱོད་ངན་པ་དེ་མགྱོགས་པོར་མཚམས་འཇོག་དགོས་པ་དང་། “རྒྱལ་ཁབ་ཀྱི་བདེ་འཇགས”ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པའི་ཁེ་ལས་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ངན་པ་དེ་མཚམས་བཞག་ནས་འཛམ་གླིང་ལ་དྲང་བདེན་སྤྲོད་དགོས་པ་བརྗོད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཕྱི་འབྲེལ་པུའུ་ཡིས་ཨ་རིའི་ལྐོག་ཉན་བྱ་སྤྱོད་བཟོད་ཐབས་བྲལ་ཞེས་བརྗོད།