ཨ་རིས་འཛམ་གླིང་ཡོངས་ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བགོ་བཤའ་རྒྱག་རྒྱུའི་འཆར་གཞི་ཁྱབ་བསྒྲགས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་སྲིད་འཛིན་པའེ་ཏིང་གིས་ཚེས3ཉིན་འཛམ་གླིང་ཡོངས་ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་ཁྲི2500བགོ་བཤའ་རྒྱག་རྒྱུའི་འཆར་གཞི་ཁྱབ་བསྒྲགས་བྱས། 

པའེ་ཏིང་གིས་ཉིན་དེར་ཕོ་བྲང་དཀར་པོའི་གསར་བསྒྲགས་ཤིག་གི་ནང་བཤད་རྒྱུར། ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་ཁྲིད་བྱེད་པའི“པྲོག་གསར་གློ་ཚད་ཀྱི་འགོག་སྨན་དངོས་འབེབས་འཆར་གཞི”རབས་དང་པོའི་ཁྲོད་ཧ་ལམ་འགོག་སྨན་ཁྲི1900མཉམ་སྤྱོད་བྱ་རྩིས་ཡོད་ལ། དེའི་ཁྲོད་ཀྱི་འགོག་སྨན་ཁྲི600ལྷག་ལ་ཏིང་མེ་གླིང་དང་ཅ་ལའེ་པི་ས་ཁུལ་དུ་མཁོ་འདོན་བྱ་རྒྱུ་དང་། འགོག་སྨན་ཁྲི700ལྷག་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་མ་ས་ཁུལ་དུ་མཁོ་འདོན་བྱ་རྒྱུ།  འགོག་སྨན་ཁྲི500ལྷག་ཧྥེ་གླིང་ས་ཁུལ་དུ་མཁོ་འདོན་བྱ་རྒྱུ་ཡིན་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། ལྷག་མའི་འགོག་སྨན་ཁྲི600དེ་རིམས་ནད་ཅུང་ཚབས་ཆེན་ཡིན་པའི་རྒྱལ་ཁབ་དང་ཁྱིམ་མཚེས་རྒྱལ་ཁབ་ཏེ། ཁ་ན་ཏ་དང་མའོ་ཞི་ཁོ། རྒྱ་གར། ཧན་རྒྱལ་ཁབ་སོགས་ལ་འདོན་སྤྲོད་བྱ་རྒྱུ་རེད།

མིག་སྔར་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་འདང་གིན་མེད་པ་མ་ཟད། ཡང་རྒྱལ་ཁབ་དང་ས་ཁུལ་ཁ་ཤས་སུ་པྲོག་གསར་གློ་ཚད་ཀྱི་གནས་ཚུལ་ཚབས་ཆེན་དུ་འགྱུར་བཞིན་ཡོད་པས། ཨ་རིས་འདོན་སྤྲོད་བྱེད་པའི་འགོག་སྨན་གྱིས་རྒྱལ་ཁབ་གཞན་པའི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་ལ། “འགོག་སྨན་གྱི་མི་རིགས་རང་བཞིན”ལ་ཨ་རི་རྒྱལ་ཁབ་ཀྱི་ནང་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱེད་བཞིན་འདུག པའེ་ཏིང་གིས་ཟླ་སྔོན་མའི་ནང་ཨ་རིས་ཟླ6པའི་ཟླ་མཇུག་སྔོན་དུ་འཛམ་གླིང་ཡོངས་ལ་འགོག་སྨན་ཁྲི8000ལྷག་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།