ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ཝེ་ཐི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་པར་འབད་འབུངས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་སཱ་པཱ་ཧི་ཡིས་ཟླ་དྲུག་པའི་ཚེས་གཅིག་ཉིན་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ་དང་གྲོས་མོལ་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་པར་འབད་འབུངས་བྱེད་དགོས་པའི་འབོད་སྐུལ་བཏང་། 

སཱ་པཱ་ཧི་ཡིས་གྲོས་མོལ་བྱེད་སྐབས་ཁི་ཝེ་ཐི་ཡིས་ཕཱ་ལེ་སི་ཐན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། ཨ་རབ་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་པར་འབད་འབུངས་བྱས་ནས། ཕཱ་ལེ་སི་ཐན་མི་དམངས་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་ཡང་བསྐྱར་མི་འབྱུང་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

བསྒྲགས་པ་ལྟར་ན། སཱ་པཱ་ཧི་དང་ཨ་ཧྲི་ཐིས་ཡེ་གཉིས་ཀྱིས་ད་རུང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་ཆེད་གྲོས་མོལ་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན། 

ཉིན་དེའི་སྔ་དྲོར། ཁི་ཝེ་ཐིའི་མགོ་ཁྲིད་པ་ནཱ་ཝ་ཧྥུའུ་ཡིས་ཨ་ཧྲི་ཐིས་ཡེ་ལ་ཐུག་འཕྲད་བྱེད་སྐབས་ཀྱང་བསྟན་དོན། ཁི་ཝེ་ཐི་ཡིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་ཕཱ་ལེ་སི་ཐན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཕཱ་ལེ་སི་ཐན་མི་དམངས་ཀྱིས་རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་གྱི་གྲོས་ཆོད་དང་ཨ་རབ་ཀྱི་ཞི་བདེའི་འདོད་བློ་གཞིར་བཟུང་ནས་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཨ་ཧྲི་ཐིས་ཡེ་ཡིས་ཁི་ཝེ་ཐི་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་ལས་དོན་དང་མི་དམངས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། 

ཨ་ཧྲི་ཐིས་ཡེ་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ཁི་ཝེ་ཐི་རུ་འབྱོར་ནས། དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།