ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱས་རྗེས་རིག་གནས་བྱ་བ་བྱེད་པའི་ཕྱི་འབྲེལ་མི་སྣ་སོར་འཇོག་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཟླ་དྲུག་པའི་ཚེས་གཅིག་ཉིན་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱས་རྗེས་མུ་མཐུད་དུ་ཨ་ཧྥུའུ་ཧན་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་དུ་རིག་གནས་བྱ་བ་བྱེད་པའི་ཕྱི་འབྲེལ་མི་སྣ་སོར་འཇོག་བྱེད་རྒྱུ་ཡིན་ཟེར། 

བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་གྱི་བརྙན་རིས་གྲོས་ཚོགས་ཟླ་དྲུག་པའི་ཚེས་གཅིག་ཉིན་སྤེལ། སི་ཐའོ་ཨར་ཐིན་པེ་ཀི་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་གྱི་དམག་དོན་ལས་འགན་མཇུག་སྒྲིལ་རཇེས། ཁཱ་པོར་དུ་རིག་གནས་བྱ་བ་བྱེད་པའི་ཕྱི་འབྲེལ་མི་སྣ་སོར་འཇོག་བྱེད་རྒྱུ་ཡིན་པ་དང་། དམག་དཔུང་གི་མི་གྲངས་ཇེ་ཉུང་དུ་གཏོང་བའི་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད་ཟེར། 

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་གྱི་དམག་དོན་ལས་འགན་མཇུག་སྒྲིལ་བཞིན་ཡོད་ཀྱང་། མུ་མཐུད་དུ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་མ་དངུལ་འདོན་སྤྲོད་བྱས་ཏེ། ཨ་ཧྥུའུ་ཧན་གྱི་བདེ་འཇགས་སྡེ་ཁག་གི་ནུས་པའི་འཛུགས་སྐྲུན་ཐད་རོགས་རམ་དང་དེར་བློ་འདྲིའི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན། བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་མ་ཡིན་པའི་གནས་སུ་ཨ་ཧྥུའུ་ཧན་ལ་དམག་དོན་སྦྱོང་བརྡར་བྱེད་པ་དང་། གཙོ་བོ་དམིགས་བསལ་འཐབ་འཛིང་དམག་དཔུང་ལ་སྦྱོང་བརྡར་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ལ། བྱང་ཆིངས་རྩ་འཛུགས་ཀྱིས་མ་དངུལ་དང་ཞབས་ཞུ་ཇི་ལྟར་འདོན་སྤྲོད་བྱས་ནས། མནའ་འབྲེལ་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁཱ་པོར་ནས་སྡོད་ཐུབ་པར་ཞིབ་འཇུག་བྱེད་བཞིན་ཡོད་ཟེར། 

ཉིན་དེའི་སྔ་དྲོར། བྱང་ཆིངས་རྩ་འཛུགས་ཀྱིས་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་བསྡུས་ཏེ། གཙོ་བོ་བྱང་ཆིངས་རྩ་འཛུགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་གྲོས་རིམ་ལ་གྲོས་བསྡུར་བྱས་པ་དང་། ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་སྤེལ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།