ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཀྲུང་གོ་དང་ཨུ་རུ་སིའི་རིག་མཛོད་མཐོ་རིམ་གླེང་སྟེགས་ལ་བརྙན་རིས་ཞུ་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དང་། ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་ཟླ་དྲུག་པའི་ཚེས་གཅིག་ཉིན་སོ་སོར་ཀྲུང་གོ་དང་ཨུ་རུ་སིའི་རིག་མཛོད་མཐོ་རིམ་གླེང་སྟེགས་ལ་བརྙན་རིས་ཞུ་ཚིག་ཕུལ།

ཝང་དབྱེ་ཡིས་ཀྲུང་གོ་དང་ཨུ་རུ་སིའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་བཀོད་ནས་ལོ་ངོ་ཉི་ཤུ་འགོར་བའི་ཐད་ནས་དུས་ཡུན་རིང་བོར་ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་ལས་དོན་ལ་གཞོལ་པའི་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ལས་རིགས་དང་རིགས་གཞུང་ལས་རིགས་ཀྱི་མི་སྣར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་། ཆིངས་ཡིག་དེས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དུས་ཡུན་རིང་བོར་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པའི་ཚུལ་བསྟན། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སི་དང་མཉམ་དུ་ཆིངས་ཡིག་གི་དགོངས་དོན་དར་སྤེལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བསྟན་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ལ། སྔར་ལས་ཁྱབ་ཁོངས་ཆེ་བ་དང་རིམ་པ་ཟབ་མོའི་སྒོ་ནས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། སྣེ་ཁྲིད་ནས་འདྲ་མཉམ་གླེང་བ་དང་སྣེ་ཁྲིད་ནས་ཡིད་ཆེས་སྲུང་བ། སྣེ་ཁྲིད་ནས་མཉམ་ལས་བྱེད་པ། སྣེ་ཁྲིད་ནས་ཁྲིམས་སྲུང་བྱེད་པའི་འགན་ཁུར་བའི་རྒྱལ་ཁབ་ཆེན་མོའི་སྣང་བརྙན་གྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁ་ཕྱོགས་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྒུལ་ཤུགས་གསར་བ་སྣོན་དགོས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ལོ་ངོ་ཉི་ཤུའི་སྔོན་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཨུ་རུ་སི་དང་ཀྲུང་གོའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་བཀོད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དག་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་ལེའུ་གསར་བ་ཞིག་ངང་གིས་ཕྱེས། ཆིངས་ཡིག་དེས་ཨུ་རུ་སི་དང་ཀྲུང་གོའི་དུས་བསྟུན་མདུན་སྐྱོད་ཀྱིས་འཐབ་ཇུས་རོགས་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར། 

ཀྲུང་གོ་དང་ཨུ་རུ་སིའི་རིག་མཛོད་མཐོ་རིམ་གླེང་སྟེགས་དེ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་ཨུ་རུ་སིའི་རྒྱལ་སྤྱིའི་ལད་དོན་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་མཉམ་ལས་དང་ཀྲུང་གོ་དང་ཨུ་རུ་སིའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་བཀོད་ནས་ལོ་ངོ་ཉི་ཤུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ཞེས་པ་དེ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།