ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཨེ་ཅིབ་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཧྲུའུ་ཁེ་ལི་ཡིས་ཚེས་སུམ་ཅུ་ཉིན་ཁེ་རོ་ནས་འཚམས་འདྲི་ཡོང་བའི་དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་ཧྲིན་ཁུ་ན་ཆི་དང་གྲོས་མོལ་བྱས་པ་དང་།  ཕྱོགས་གཉིས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས་པ་དང་།    མཐུན་སྦྱོར་ལ་ཤུགས་བསྣན་ནས་དབུས་ཤར་རྒྱལ་ཁབ་ཀྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་འཐད་པ་བྱུང་།

འདི་ནི་ཉིས་སྟོང་བརྒྱད་ལོའི་ཚུན་ལ་དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཐོག་དང་པོར་ཨེ་ཅིབ་དུ་འཚམས་འདྲི་བྱས་པ་རེད།    ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས།   ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས།    ཕ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་བར་མུ་མཐུད་དུ་གྲོས་བསྡུར་བྱེད་པར་འཐད་པ་བྱུང་བ་དང་།  མིག་སྔར་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱེད་པར་འཐད་པ་བྱུང་།  དེ་མིན།   ཕྱོགས་གཉིས་ཀྱིས་ད་རུང་ཅ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར།    ཧྲུའུ་ཁེ་ལི་ཡིས་ཨེ་ཅིབ་ཀྱི་ལངས་ཕྱོགས་བསྐྱར་བསྒྲགས་བྱས་པ་དང་།   ཆིག་སྟོང་དགུ་བརྒྱ་རེ་བདུན་ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་།   ཡེ་ལུའུ་ས་ལེམ་ཤར་མ་རྒྱལ་ས་ཡིན་པའི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།   ཧྲུའུ་ཁེ་ལི་ཡིས་ནན་གྱིས་བསྟན་དོན།   རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་དུས་ཡུན་རིང་བོར་ཞི་བདེ་ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན་ཟེར།

དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་བར་ཟླ་ལྔ་བའི་ཚེས་བཅུ་ཉིན་ཛ་དྲག་གི་འགལ་བ་བྱུང་ནས།   ཕྱོགས་གཉིས་ཀྱི་མི་སྣ་མང་པོར་ཤི་རྨས་ཐེབས་པ་དང་།    དོན་དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།    ཨེ་ཅིབ་ཀྱི་འདུམ་འགྲིག་འོག་ཏུ།   ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་དང་དབྱི་སི་རལ་གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་བཀོད་པ་དང་།  ས་དེའི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་དུས་ཚོད་གཉིས་ཀྱི་སྟེང་དམག་འཁྲུག་དངོས་སུ་མཚམས་བཞག་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།