ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡའི་དབུས་བྱང་ཕྱོགས་ཀྱི་གྲོང་རྡལ་ཞིག་ལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་སུམ་ཅུ་ཉིན་བཤད་རྒྱུར།   རྒྱལ་ཁབ་དེའི་དབུས་བྱང་ཕྱོགས་ཀྱི་ནེ་རིར་མངའ་སྡེའི་ཐའེ་ཀུའུ་ཅི་ན་གྲོང་རྡལ་དུ་ཉིན་དེར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ།   མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་།  གཞན་ཡང་སློབ་མ་མང་པོ་བཅན་ཁྲིད་བྱས་ཟེར།

ནེ་རིར་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་ཨོ་སི་མན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།   ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར།   དྲག་ཆས་ཉེས་ཅན་སྐོར་ཞིག་གིས་འཕྲུལ་རྟ་སྐོར་ནས་མངའ་སྡེ་དེའི་ཐའེ་ཅི་ན་གྲོང་རྡལ་དུ་ཡོང་ནས་མི་ཚོགས་ལ་མེ་འདས་བརྒྱབ་སྟེ་མི་གཅིག་དེ་མ་ཐག་རྐྱེན་ལམ་དུ་ཤོར།   དེའི་རྗེས་སུ་དྲག་ཆས་ཉེས་ཅན་གྱིས་གྲོང་རྡལ་དེའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་ཏེ་སློབ་མ་མང་པོ་བཙན་ཁྲིད་བྱས་པ་དང་།  ཉེན་རྟོག་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུས་བཙན་ཁྲིད་བྱས་པའི་སློབ་མ་རྣམས་སྐྱོབ་བཞིན་ཡོད་ཟེར།

དེ་མིན་ས་དེའི་སྨྱན་བྱད་ཀྱིས་གསར་འགྱུར་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར།  ཐེངས་འདིའི་དོན་རྐྱེན་ཁྲོད་སློབ་མ་ཉིས་བརྒྱ་ལྷག་བཙན་ཁྲིད་བྱས་ཟེར།

ཉེ་བའི་ཟླ་འགའི་རིང་ལ།  ནེ་ཀྲི་རི་ཡ་རུ་བསྟུད་མར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་བཞིན་ཡོད་པ་དང་།   དེའི་ཁྲོད་ཀྱི་འཇབ་རྒོལ་མང་ཤོས་ནི་སློབ་མར་དམིགས་པའི་བཙན་ཁྲིད་དོན་རྐྱེན་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།