ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པའི་དཔྱད་བསྡུར་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པའི་དཔྱད་བསྡུར་ཚོགས་འདུ་ཚེས་ཉེར་བརྒྱད་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་དྲ་ལམ་དུ་བསྡུས། རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་དཔོན་པོ་དང་ཆེད་མཁས་པ། རྒྱལ་སྤྱིའི་རྩ་འཛུགས་དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱི་འཐུས་མི་ཉིས་བརྒྱ་ཙམ་ཚོགས་འདུར་ཞུགས། 

རི་ནེ་ཝ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་དོན་གཅོད་ཁང་དུ་རྒྱུན་པར་སྡོད་པའི་ཀྲུང་གོའི་འཐུས་མིའམ་སུའེ་ཙེར་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་ཁྲིན་ཞུའུ་ཡིས་མགོ་རྩོམ་པའི་ཞུ་ཚིག་ཕུལ། ཁོས་བསྟན་དོན། འཕེལ་རྒྱས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འགྱུར་བ་མེད་པའི་བརྗོད་གཞི་ཡིན་པ་དང་། གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་རྨང་གཞི་དང་གནད་འགག་ཡིན། འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་མངོན་འགྱུར་བྱེད་པར་ཆ་རྐྱེན་བསྐྲུན་དགོས། པྲོག་གསར་གློ་ཚད་རིམས་ནད་སོགས་འགྲན་རྩོད་ཀྱི་མདུན་ནས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཟོལ་མེད་ཀྱིས་ཚེ་སྲོག་དབང་ཆ་དང་བདེ་ཐང་དབང་ཆར་འགན་སྲུང་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་དུས་ལྟར་འདྲ་མཉམ་གྱིས་འགོག་སྨན་ཐོབ་པར་ཁག་ཐེག་བྱེད་དགོས་པ་དང་། དབུལ་སེལ་ཤུགས་ཚད་ཇེ་ཆེར་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་སྟེ། འབྲུ་རིགས་དབང་ཆ་དང་སློབ་གསོའི་དབང་ཆ་སོགས་འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་ལ་འགན་སྲུང་གང་ལེགས་བྱེད་དགོས། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་ཡར་སྐུལ་བྱེད་པ་དང་། འཕེལ་རྒྱས་གྲུབ་འབྲས་ཀྱིས་འདྲ་མཉམ་ངང་ཚོགས་ཁག་མི་འདྲ་བར་ཕན་ཐོགས་འབྱུང་དུ་བཅུག་ནས། ཉམ་ཞན་ཚོགས་ཁག་གི་ཁེ་དབང་ལ་སྲུང་སྐྱོབ་དང་རིགས་རྒྱུད་མཐོང་ཆུང་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་དགོས་ངེས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་དང་འཕེལ་རྒྱས་ཀྱི་བར་ཁྱད་མེད་པར་བྱེད་དགོས་ལ། ཁོར་ཡུག་སྲུང་སྐྱོབ་དང་ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ཐག་གཅོད་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་མངོན་འགྱུར་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་པཱ་ཆེ་ལའེ་ཐི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། རྒྱུན་མཐུད་དང་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་དེ་འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་བྱེད་པར་གལ་འགངས་ཆེ་བ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཡུལ་ནི་མི་ཚང་མའི་ཕན་བདེ་ཇེ་དྲག་ཏུ་གཏོང་བ་དེ་ཡིན།  འཕེལ་རྒྱས་དེ་མི་དམངས་ལ་དབང་བ་དང་མི་དམངས་ལ་བརྟེན་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པར་མ་ཟད། བུ་རབས་ཚ་རྒྱུད་ཀྱི་ཁེ་ཕན་དང་སྐྱེ་ཁམས་བདེ་ཐང་ལ་བསམ་བློ་གཏོང་དགོས། འགྲོ་བ་མིའི་ཐོབ་ཐང་དང་རྒྱུན་མཐུད་འཕེལ་རྒྱས་གཅིག་ལ་གཅིག་བརྟེན་ཡིན་པ་དང་། ངེས་པ་དོན་གྱི་འཕེལ་རྒྱས་ལས་སྤྱི་ཚོགས་ཀྱི་དྲང་བདེན་དང་འདྲ་མཉམ་མིན་པ་ཇེ་ཉུང་དུ་གཏོང་བའི་སྣང་ཚུལ་འབྱུང་དུ་འཇུག་ཐུབ་ཟེར། 

འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའམ། རི་ནེ་ཝ་རུ་རྒྱུན་དུ་སྡོད་པའི་ཧྥེ་ཅིའི་འཐུས་མི་ཧྲ་མུས་མུའུ་ཧན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་མངོན་འགྱུར་བྱས་ན། ད་གཟོད་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་སློབ་གསོ་དང་བདེ་ཐང་། སྡོད་ཁང་། བདེ་འཇགས་འཐུང་ཆུ་སོགས་ཀྱི་ཁེ་དབང་ལོངས་སྤྱོད་བྱེད་ཐུབ་ལ། ད་གཟོད་ནམ་ཟླའི་འགྱུར་ལྡོག་དང་རང་བྱུང་གནོད་འཚེའི་འགྲན་རྩོད་ཐག་གཅོད་བྱེད་ཐུབ་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་འཕེལ་རྒྱས་གྲོས་ཚོགས་ཀྱི་དཔོན་པོ་དང་པཱ་ཞི། ཕཱ་ཁི་སི་ཐན། དབྱིན་ཇི། ཁཱ་མཱེ་ལུང་། ཨེ་ཅིབ་བཅས་ནས་ཡོང་བའི་ཆེད་མཁས་པས་སོ་སོར་འཛམ་གླིང་ཡོངས་ཅན་དང་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས། གཅིག་བརྟེན་གཅིག་འབྲེལ། དབུལ་སེལ། སློབ་གསོ། འཕྲོད་བསྟེན་སོགས་འགྲོ་བ་མིའི་ཐོབ་ཐང་ལ་ལྡན་པའི་ནུས་པའི་ཐད་ནས་ལྟ་ཚུལ་སྤེལ། 

ཨུ་རུ་སི་དང་ཕཱ་ཁི་སི་ཐན། ཝེ་ནེ་ཙུའེ་ལཱ། དབྱི་ལིང་། ལའོ་ཝའོ། སི་ལི་ལན་ཁཱ། མཱ་ཨར་ཏའེ་ཝེ་སོགས་རྒྱལ་ཁབ་ཀྱི་འཐུས་མིས་འཕེལ་རྒྱས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་གལ་ཆེན་རང་བཞིན་ནན་གྱིས་བསྟན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་མཉམ་ལས་ལ་ཡར་སྐུལ་བྱེད་པ་དང་དབུལ་ཕོངས་སེལ་བ། འདྲ་མཉམ་མིན་པའི་སྣང་ཚུལ་མེད་པར་གཏོང་བ། ལག་རྡང་སྦྲེལ་ནས་རིམས་ནད་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་འཕེལ་རྒྱས་དབང་ཆ་དངོས་འབེབ་བྱེད་དགོས་པའི་འབོད་སྐུལ་བཏང་། ལའོ་ཝའོ་ཡི་འཐུས་མིས་འཕེལ་རྒྱས་ཀྱི་གཞི་རྩའི་དམིགས་འབེན་ནི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་འདོད་བསྐང་བའི་ཆེད་དུ་ཡིན་པ་ནན་གྱིས་བསྟན་དོན། ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱ། དབྱི་ལིང་གི་འཐུས་མིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་ལས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ནུས་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་གནོད་སྐྱེལ་བར་སྐྱོན་འཛུགས་བྱས། 

ཐེངས་འདིའི་དཔྱད་བསྡུར་ཚོགས་འདུ་དེ་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་མཐུན་འགོད་པར་སྐུལ་འདེད་བཏང་བའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པའི་གྲོས་ཆོད་གཞིར་བཟུང་ནས་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།