སི་རི་ཡཱ་ཡིས་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱ་ཡིས་ཚེས་ཉེར་དྲུག་ཉིན་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ད་ལྟའི་ཙུང་ཐུང་པཱ་ཧྲ་ཨར་དང་བཅས་པའི་འདེམ་སྒུག་མི་སྣ་གསུམ་གྱིས་སྐབས་རྗེས་མའི་ཙུང་ཐུང་ལས་གནས་ལ་འགྲན་རྩོད་བྱས། 

འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉེར་དྲུག་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་ནས་མགོ་བརྩམས་པ་རེད། སི་རི་ཡཱའི་ནང་སྲིད་བློན་ཆེན་ལཱ་ཧི་མིན་གྱིས་གསར་འགྱུར་ལས་རིགས་ལ་བསྟན་དོན། སི་རི་ཡཱ་རྒྱལ་ཁབ་ཕྱི་ནང་གི་འདེམ་བསྐོའི་དབང་ཆ་ཡོད་པའི་སྤྱི་དམངས་བྱེ་བ་གཅིག་དང་ས་ཡ་བརྒྱད་ལས་བརྒལ་ཡོད་ཅིང་། འདེམ་བསྐོའི་ཉིན་དེར་སི་རི་ཡཱའི་ཞིང་ཆེན་སོ་སོར་བསྡོམས་པས་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་སྟོང་གཉིས་བརྒྱ་དང་གཉིས་བཀོད་སྒྲིག་བྱས་ཡོད་པས། འདེམ་དམངས་དག་གིས་འདེམ་ཤོག་འཕེན་ས་གང་རུང་ནས་འདེམ་ཤོག་འཕངས་ཆོག་ཟེར། བསྒྲགས་པ་ལྟར་ན། སི་རི་ཡཱའི་ཕྱི་ཕྱོགས་སྤྱི་དམངས་ཀྱིས་འདེམ་ཤོག་འཕེན་པའི་བྱ་འགུལ་ནི་ཟླ་འདིའི་ཚེས་ཉི་ཤུ་ཉིན་སྔོན་ལ་སྤེལ་ཡོད་ཟེར། 

བསྟུད་མར་ཉིན་འགའི་རིང་ལ། སི་རི་ཡཱའི་ཏཱ་མཱ་ཧྲི་ཀིའི་སྲང་ལམ་དུ་འདེམ་སྒུག་པའི་འགྲན་རྩོད་བརྡ་ཁྱབ་གང་སར་མཐོང་ཐུབ་པ་དང་། དེའི་ནང་པཱ་ཧྲ་ཨར་གྱི་འདྲ་པར་དང་འགྲན་རྩོད་ཁ་གཡང་ཡོད་པའི་བརྡ་ཁྱབ་དེ་སྲང་ལམ་མང་བོར་མཐོང་ཐུབ། 

གསར་འགོད་པས་ཚེས་ཉེར་དྲུག་ཉིན་ཏཱ་མཱ་ཧྲི་ཀིའི་མེད་ཙེ་ས་ཁུལ་གྱི་འདེམ་ཤོག་འཕེན་ས་ཞིག་ནས་མང་ཚོགས་རེ་འགའ་དུས་ཚོད་བདུན་ལ་མ་ཐོན་གོང་ནས་གྲལ་བསྒྲིགས་ཏེ་སྒུག་ཡོད་པ་མཐོང་། 

ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ནི་ཉིས་སྟོང་བཅུ་བཞི་ལོར་སི་རི་ཡཱ་ནས་འདེམ་བསྐོའི་བཅའ་ཁྲིམས་གསར་བར་གྲོས་འཆམ་བྱུང་བའི་ཚུན་ལ་སྤེལ་བའི་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་ཐེངས་གཉིས་པ་རེད། པཱ་ཧྲ་ཨར་ལས་གཞན་འདེམ་སྒུག་མི་སྣ་གཞན་གཉིས་ནི་སོ་སོར་མི་དམངས་གྲོས་ཁང་གི་སྔོན་ཆད་ཀྱི་གྲོས་མི་ཨ་པུའུ་ཏུའུ་ལཱ་སཱ་ལུའུ་མུའུ་དང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་སི་རི་ཡཱའི་དམངས་གཙོ་འཐབ་ཕྱོགས་ཀྱི་དྲུང་ཡིག་ཆེན་མོ་ཨེ་ཧཱ་མེད་ཏི་མཱ་ལོས་རེད། 

སི་རི་ཡཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གི་འགན་ཡུན་ལོ་བདུན་ཡིན་པ་དང་། འདེམ་དམངས་ཀྱིས་ཐད་ཀར་དུ་བདམས་ཐོན་བྱེད་པ་ཡིན་ལ། འདེམ་སྒུག་པར་ཐོབ་པའི་འདེམ་ཤོག་ཁ་གྲངས་མང་ཆེ་བ་ཟིན་ན་ད་གཟོད་གདམ་ཐུབ་པ་ཡིན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།