ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་རི་ནེ་ཝ་ནས་གྲོས་མོལ་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱེད་སྐབས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བའི་ད་ལྟའི་གནས་བབ་དང་འཕེལ་རྒྱས་མདུན་ལྗོངས། འཐབ་ཇུས་གཏན་འཇགས། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་མཉམ་ལས། དེ་མིན་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་འདུམ་འགྲིག་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་ཉེར་ལྔ་ཉིན་གྲོས་མོལ་བྱེད་པར་གཏན་འཁེལ་བྱས། ཕོ་བྲང་དཀར་པོའི་གསལ་སྒྲོག་ཐུང་ངུ་ཞིག་ལས་བཤད་རྒྱུར། ཨ་མེ་རི་ཁས་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་སླར་གསོའི་ཁྲོད་ཀྱི་སྔོན་དཔག་རང་བཞིན་དང་གཏན་འཇགས་ལ་འཚོལ་ཞིབ་བྱས་ཏེ། ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱེད་སྐབས་བྲེལ་མྱུར་གནད་དོན་རབ་དང་རིམ་པར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། 

པེད་ཏིན་གྱིས་ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་བསྟན་དོན། ཁོས་ད་ལོའི་དབྱར་ཁར་ཕུའུ་ཅིན་དང་མཉམ་དུ་ཡོ་རོབ་གླིང་ནས་མཐོ་རིམ་གྲོས་མོལ་སྤེལ་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱེད་པའི་གྲོས་གཞི་བཏོན་ཡོད་ཟེར། ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཟླ་དེའི་ཚེས་ཉེར་ལྔ་ཉིན་བསྟན་དོན། ཕུའུ་ཅིན་དང་པེད་ཏིན་གྱིས་ཟླ་དྲུག་པར་གྲོས་མོལ་བྱེད་ངེས་ཡིན་ཟེར། 

ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་དེ་ཉེ་བའི་ལོ་འགའི་རིང་ལ་ཛ་དྲག་ཏུ་གྱུར། པེད་ཏིན་སྲིད་གཞུང་གིས་འགན་ཁུར་བའི་ཚུན་ལ། ཕྱོགས་གཉིས་ཀྱིས་དམག་དོན་ཁྱབ་ཁོངས་སུ་ཚད་ཡོད་མཉམ་ལས་མངོན་འགྱུར་བྱེད་དགོས་ཀྱང་། ཝུའུ་ཁི་ལན་དང་དྲ་རྒྱའི་བདེ་འཇགས། འགྲོ་མིའི་ཐོབ་ཐང་། འདེམ་བསྐོའི་ཐེ་གཏོགས་སོགས་གནད་དོན་ཐད་འགལ་བ་མངོན་གསལ་ཡོད་པས་འགལ་བ་ཛ་དྲག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།