ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོས་ཟླ་དགུ་བའི་ཚེས་གཅིག་ཉིན་ཁཱ་ནཱ་ཏཱའི་གཞུང་ཚབ་ཁང་གི་སྒོ་བརྒྱག་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁཱ་ནཱ་ཏཱ་རུ་སྡོད་པའི་ཨུ་རུ་སི་དཀར་པོའི་གཞུང་ཚབ་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་དཀར་པོའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཆོད་དོན་ལྟར། ཁཱ་ནཱ་ཏཱ་རུ་སྡོད་པའི་ཨུ་རུ་སི་དཀར་པོའི་གཞུང་ཚབ་ཁང་གིས་ཟླ་དགུ་བའི་ཚེས་གཅིག་ཉིན་སྒོ་བརྒྱག་རྒྱུ་ཡིན་ཟེར། 

ཁཱ་ནཱ་ཏཱ་རུ་སྡོད་པའི་ཨུ་རུ་སི་དཀར་པོའི་གཞུང་ཚབ་ཁང་གིས་བསྟན་དོན། གཞུང་ཚབ་ཁང་གིས་ཟླ་བདུན་པའི་ཚེས་བཅུ་ཉིན་ལམ་ཡིག་རེ་ཞུ་དང་ངོས་ལེན། བརྗེ་སྤོར་སོགས་ཀྱི་ཞབས་ཞུ་སྣ་ཚོགས་བསྒྲུབ་མཚམས་འཇོག་རྒྱུ་ཡིན་ཟེར། 

ཨུ་རུ་སི་དཀར་པོའི་རྒྱལ་ཁབ་བཅའ་ཁྲིམས་དྲ་བས་ཚེས་ཉེར་དྲུག་ཉིན་ཨུ་རུ་སི་དཀར་པོའི་པུའུ་ཀྲང་གྲོས་ཚོགས་ནས་ཚེས་ཉེར་གཉིས་ཉིན་གྲོས་མཐུན་བཀོད་པའི་གྲོས་ཆོད་མ་ཡིག་ཁྱབ་བསྒྲགས་བྱས། གྲོས་ཆོད་ལས་བཤད་རྒྱུར། ཁཱ་ནཱ་ཏཱ་རུ་སྡོད་པའི་ཨུ་རུ་སི་དཀར་པོའི་གཞུང་ཚབ་ཁང་གིས་ཟླ་བཅུ་བའི་ཚེས་གཅིག་ཉིན་གྱི་སྔོན་ལ་སྒོ་བརྒྱག་དགོས་པ་དང་། གྲོས་ཆོད་དེ་ཁྱབ་བསྒྲགས་བྱས་པའི་ཉིན་དེ་ནས་ནུས་ལྡན་དུ་འགྱུར་ངེས་ཡིན་ཟེར། 

ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཀྲང་མཱ་ཁི་དབྱེ་ཡིས་དེའི་སྔོན་བསྟན་དོན། ཨུ་རུ་སི་དཀར་པོས་སྔོན་ཆད་ཕྱི་ཕྱོགས་སུ་སྡོད་པའི་ལས་ཁུངས་ཀྱི་བྱ་འགུལ་འཆར་གཞིར་ཡང་བསྐྱར་བསམ་བློ་བཏང་སྟེ་བྱ་འགུལ་ལེགས་བསྒྱུར་བྱེད་དགོས་ཡོད་ཟེར། རྒྱལ་ཁབ་དེས་བྱ་བ་རེ་འགས་དུས་ཡུན་རིང་བོར་དཔལ་འབྱོར་གྱི་ཁེ་སྤོགས་ལོན་ཐབས་མེད་པའི་ཕྱི་སྡོད་གཞུང་ཚབ་ཁང་གི་སྒོ་བརྒྱག་རྒྱུ་ཡིན་པ་དང་། ཞོར་དུ་མཉམ་ལས་ཀྱི་མདུན་ལྗོངས་ཡོད་པའི་ས་ཁུལ་བར་གྱི་ཕྱི་འབྲེལ་རྒྱ་བསྐྱེད་པར་བསམ་བློ་གཏོང་བཞིན་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།