ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་མཱ་ཁི་དབྱེ་ཡིས་ཚེས་ཉེར་ལྔ་ཉིན་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཁ་པར་བཏང་སྟེ། འགྲུལ་སྐྱེལ་གནམ་གྲུ་ཞིག་ཉེ་སྔོན་ཨུ་རུ་སི་དཀར་པོར་བྲེལ་འབབ་བྱས་པའི་དོན་རྐྱེན་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་ངེས་པར་དུ་ཆེད་མཁས་སྐད་གྲགས་ཅན་དང་ལས་ཁུངས་མངག་ནས་དོན་རྐྱེན་དེར་དངོས་ཡོད་དང་མཐུན་པའི་རྟོག་ཞིབ་བྱེད་དུ་འཇུག་དགོས་པ་ནན་གྱིས་བསྟན།
ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཡི་གསར་འགྱུར་ཅུའུ་ཡིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། མཱ་ཁི་དབྱེ་ཡིས་ཁ་པར་གཏོང་སྐབས་ཡང་བསྐྱར་ཁས་ལེན་བྱས་དོན། ཨུ་རུ་སི་དཀར་པོས་མངོན་གསལ་ཁྱབ་སྒྲོག་བྱེད་རྒྱུ་མ་ཟད། འབྲེལ་ཡོད་རྒྱལ་སྤྱིའི་ལས་ཁུངས་བར་རོགས་རེས་བྱས་ཏེ། དགོས་ངེས་ཀྱི་ཆ་འཕྲིན་མཁོ་འདོན་སོགས་བྱ་བ་སྤེལ་རྒྱུ་ཡིན་ཟེར།
ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀི་ལཱ་ཙི་ཡིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། འགྲུལ་སྐྱེལ་གནམ་གྲུ་བྲེལ་འབབ་བྱས་པའི་དོན་རྐྱེན་ཐད་ནས། ཨུ་རུ་སི་དཀར་པོའི་བྱ་སྤྱོད་དེ་རྒྱལ་སྤྱིའི་རྩ་དོན་དང་ཡོངས་སུ་མཐུན་པ་དང་། ཨུ་རུ་སི་དཀར་པོས་མངོན་གསལ་ཡོངས་བསྒྲགས་བྱེད་པར་ཁག་ཐེག་ཐུབ་ལ། དགོས་མཁོ་ཡོད་ན་ཨུ་རུ་སི་དཀར་པོས་རྒྱལ་སྤྱིའི་ཆེད་མཁས་པར་རྒྱུ་ཆ་ཚང་མ་འདོན་སྤྲོད་བྱེད་ངེས་ཡིན་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་བཞི་ཉིན་ཕྱོགས་སོ་སོས་འགྲུལ་སྐྱེལ་གནམ་གྲུའི་བྲེལ་འབབ་དོན་རྐྱེན་ལ་མྱུར་མོར་སྡོམ་ཚིག་འགོད་མི་རུང་བར། ཆ་འཕྲིན་ཚང་མར་བརྡར་གཅོད་གསལ་བོ་བྱེད་དགོས་ཟེར།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དངོས་ཡོད་དང་མཐུན་པར་འགྲུལ་སྐྱེལ་གནམ་གྲུ་བྲེལ་འབབ་བྱས་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པ་ནན་གྱིས་བསྟན།