ཀྲུང་གོ་བོད་ཀྱི་དྲ་བ།

བྷང་ག་ལ་རྒྱལ་ཁབ་ཀྱི་མང་ཚོགས་རྣམས་ཀྲུང་གོས་ཐོན་སྐྱེད་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་འགོ་ཚུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས25ཉིན་ཆེས་ཐོག་མར་ས་གནས་དེ་གའི་མང་ཚོགས་རྣམས་ཀྲུང་གོའི་རྒྱལ་སྨན་སྡེ་ཚོགས་ཀྱིས་ཐོན་སྐྱེད་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པར་རྩ་འཛུགས་བྱས་པ་རེད། ཆེས་ཐོག་མར་འགོག་སྨན་རྒྱག་མཁན་གྱི་མི1000ལྷག་ནི་གཙོ་བོ་བྷང་ག་ལ་རྒྱལ་ཁབ་ཀྱི་གསོ་རིག་སློབ་གྲྭའི་མཐོ་རིམ་འཛིན་གྲྭའི་སློབ་མ་ཡིན་པ་རེད།  

པར་འདི་ནི་ཟླ5པའི་ཚེས25ཉིན་གསོ་རིག་སློབ་གྲྭའི་སློབ་མ་རྣམས་བྷང་ག་ལའི་རྒྱལ་ས་ཏཱ་ཁ་རུ་ཀྲུང་གོའི་རྒྱལ་སྨན་སྡེ་ཚོགས་ཀྱིས་ཐོན་སྐྱེད་བྱས་པའི་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱག་པར་སྒུག་བསྡད་པའི་རྣམ་པ་རེད།

བྷང་ག་ལ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་ཁྱིམ་ཚང་ཕན་བདེ་པུའུ་ཡི་པུའུ་ཀྲང་མཱ་ལི་ཁི་ཉིན་དེར་རྒྱལ་ས་ཏཱ་ཁ་རུ་བསྡུས་པའི་འགོག་སྨན་རྒྱག་འགོ་བརྩམས་པའི་མཛད་སྒོའི་སྟེང་ཞུགས་པ་མ་ཟད། ཀྲུང་གོས་བྷང་ག་ལའི་རིམས་འགོག་བྱ་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

བྷང་ག་ལའི་འཕྲོད་བསྟེན་སྡེ་ཁག་གི་འགྲོ་རིམ་ལྟར་ན། ཐེངས་འདིའི་འགོག་སྨན་བརྒྱབ་ཚར་རྗེས་འཕྲོད་བསྟེན་སྡེ་ཁག་གིས་སྨན་ཁབ་རྒྱག་མཁན་ལ་དུས་ཡུན་གཟའ་འཁོར་གཅིག་རིང་ལྟ་རྟོག་བྱ་རྒྱུ་དང་དངོས་ནས་ཞོར་སྐྱོན་མེད་ཚེ་ད་གཟོད་ཡོངས་ཁྱབ་སྒོས་འགོག་སྨན་བརྒྱག་འགོ་རྩོམ་རྒྱུ་རེད། 

བྷང་ག་ལ་སྲིད་གཞུང་གིས་ཟླ4པའི་ཟླ་སྨད་དུ་ཀྲུང་གོའི་རྒྱལ་སྨན་སྡེ་ཚོགས་ཀྱི་ཐོན་སྐྱེད་བྱས་པའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་མགྱོགས་མྱུར་ངང་བཀོལ་སྤྱོད་བྱེད་རྒྱུ་ཆོག་མཆན་བཀོད་པ་རེད། མཱ་ལི་ཁི་ཡིས་ཚེས25ཉིན་བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་ནས་འགོག་སྨན་སྔར་ལས་མང་པོ་ནང་འདྲེན་བྱས་ནས་རང་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་རྒྱུའི་འཆར་གཞི་བཀོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།