ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཞི་བདེའི་སྲུང་སྐྱོབ་མི་སྣའི་བདེ་འཇགས་གནད་དོན་གྱི་ཀྲུའུ་ཞིའི་གསལ་སྒྲོག་ལ་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅོན་གྱིས་ཚེས་ཉེར་བཞིའི་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོབ་མི་སྣའི་བདེ་འཇགས་གནད་དོན་སྐོར་གྱི་ཡོངས་བསྒྲགས་དཔྱད་གླེང་ཚོགས་འདུར་མགོ་འཛིན་བྱས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་གྲོས་མོལ་བྱས་ཏེ་ཀྲུང་གོས་རྩོམ་འབྲི་བྱས་པའི་ཀྲུའུ་ཞིའི་གསལ་སྒྲོག་ལ་གཅིག་གྱུར་གྲོས་འཆམ་བྱུང་། དེ་ལས་གནས་བབ་གསར་བའི་འོག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོབ་མི་སྣའི་བདེ་འཇགས་གནད་དོན་ཡར་སྐུལ་བྱེད་པའི་ཐུན་མོང་གི་ལྟ་བ་མངོན་པར་མཚོན་ཡོད། 

གསལ་སྒྲོག་ལས་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོབ་མི་སྣའི་མདུན་དུ་ལྷགས་པའི་བདེ་འཇགས་འཇིགས་ཉེན་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཞི་བདེའི་སྲུང་སྐྱོབ་མི་སྣའི་བདེ་འཇགས་དེ་ཞི་བདེ་སྲུང་སྐྱོབ་ཀྱི་ཆེད་དུ་འགུལ་སྐྱོད་སྤེལ་བའི་གྲོས་འདོན་གྱི་གྲུབ་ཆ་གཙོ་བོར་བྱས་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོབ་མི་སྣའི་བདེ་འཇགས་ཀྱི་བྱ་བའི་ཚན་ཆུང་བཙུགས་པར་གཟེངས་བསྟོད་བྱས། ཞི་བདེའི་སྲུང་སྐྱོབ་མི་སྣར་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱག་པར་སྐུལ་མ་བཏང་བ་དང་ཁོངས་གཏོགས་རྒྱལ་ཁབ་དག་གིས་དོན་དེར་རྒྱབ་སྐྱོར་བྱས་པར་དགའ་བསུ་ཞུས། ཞི་བདེའི་སྲུང་སྐྱོབ་མི་སྣར་དམིགས་པའི་འཇབ་རྒོལ་ལ་རྒོལ་གཏམ་བཏང་བར་མ་ཟད། ཞི་བདེའི་སྲུང་སྐྱོབ་འགུལ་སྐྱོད་སྤེལ་བའི་རྒྱལ་ཁབ་ཀྱིས་འཇབ་རྒོལ་དོན་རྐྱེན་བཟོ་མཁན་ལ་རྩད་ཞིབ་བྱས་ཏེ་ཁྲིམས་ལ་སྦྱོར་བའི་རེ་བ་བཏོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཞི་བདེའི་སྲུང་སྐྱོབ་འགུལ་སྐྱོད་ལས་འགས་གཏོར་སྒྲིག་ཆས་ཀྱི་འཇིགས་ཉེན་ཡོལ་བའི་ཐད་ནས་ཐུན་མིན་གྱི་འཐབ་ཇུས་དཔྱད་ཞིབ་བྱས་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྙན་ཞུ་སྤྲོད་དགོས་པའི་རེ་བ་བཏོན། 

གསལ་སྒྲོག་ལས་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དམག་མི་མངག་པའི་རྒྱལ་ཁབ་དང་ཞི་བདེའི་སྲུང་སྐྱོབ་ཆེད་མངག་ཚོགས་པས་ལག་རྩལ་གསར་བ་བེད་སྤྱད་དེ་ཞི་བདེའི་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། ཞི་བདེའི་སྲུང་སྐྱོབ་འགུལ་སྐྱོད་ཀྱི་བརྡ་འཕྲིན་འཚོལ་སྡུད་དང་གནས་བབ་ཤེས་རྟོགས། སྨན་བཅོས་འགན་སྲུང་ནུས་པ་བཅས་ལ་ཤུགས་སྣོན་དགོས་པ་དང་། ཞི་བདེའི་སྲུང་སྐྱོབ་འགུལ་སྐྱོད་ལ་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་མཁོ་བའི་ཐོན་ཁུངས་དང་སྒྲིག་ཆས། ནུས་པ་བཅས་ལྡན་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་སོགས་ས་ཁོངས་རྩ་འཛུགས་ཀྱི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས་ནས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་འགུལ་སྐྱོད་སྤེལ་ཏེ་ཞི་བདེའི་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཞི་བདེའི་སྲུང་སྐྱོབ་མི་སྣའི་བདེ་འཇགས་གནད་དོན་དེ་ཞི་བདེའི་སྲུང་སྐྱོབ་འགུལ་སྐྱོད་རེ་རེའི་སྙན་ཞུའི་རྐྱེན་སྲོལ་ནང་འཇོག་དགོས་པའི་རེ་བ་བཏོན།

མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེའི་སྲུང་སྐྱོབ་མི་སྣའི་བདེ་འཇགས་ཉེན་ཁ་མངོན་གསལ་གྱིས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། ད་ལོའི་ཚུན་ལ་ཞི་བདེའི་སྲུང་སྐྱོབ་མི་སྣ་ལྔ་བཅུ་ལྷག་བྱ་བའི་ལས་གནས་སུ་རང་སྲོག་བློས་བཏང་བར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གྲོས་འཆམ་བྱུང་བའི་ཀྲུའུ་ཞིའི་གསལ་སྒྲོག་ལས་མིག་སྔའི་ཞི་བདེའི་སྲུང་སྐྱོབ་མི་སྣའི་མདུན་དུ་ལྷགས་པའི་འབུར་དུ་ཐོན་པའི་བདེ་འཇགས་འགྲན་རྩོད་གཙོར་བཟུང་སྟེ། དམིགས་སའི་རང་བཞིན་ཆེན་པོ་ལྡན་པའི་དངོས་གཉེར་བྱེད་ཐབས་བཏོན་པ་དང་། དེ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ན་ནིང་ཀྲུང་གོས་བཏོན་པའི་གྲོས་ཆོད་གཉིས་ལྔ་གཅིག་བརྒྱད་ལ་གྲོས་མཐུན་བཀོད་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་ཤུགས་སྣོན་པའི་ཐད་ནས་བཀོད་པའི་ཡིག་ཆ་གལ་ཆེན་ཡང་ཞིག་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།