ཀྲུང་གོ་བོད་ཀྱི་དྲ་བ།

སཱ་མའོ་ཡཱའི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཡིས་ད་ལྟའི་སྲིད་གཞུང་གིས་སྔར་བཞིན་སྲིད་སྐྱོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་སཱ་མའོ་ཡཱའི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི། སྲིད་སྐྱོང་བའི་འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་ཏང་གི་གཙོ་འཛིན་ཐུའུ་དབྱེ་ལཱ་ཨེ་ཕཱ་ཡིས་ཚེས་ཉེར་བཞིའི་ཉིན་བསྟན་དོན། ཁོས་མགོ་ཁྲིད་པའི་ད་ལྟའི་སྲིད་གཞུང་གིས་སྔར་བཞིན་སྲིད་སྐྱོང་རྒྱུ་ཡིན་ཟེར། ཧྥེ་ཡཱ་མཱེ་དང་དེས་མགོ་ཁྲིད་པའི་ངོ་རྒོལ་ཏང་དད་མོས་གཅིག་གྱུར་ཏང་གི་གསར་དུ་བདམས་པའི་གྲོས་མིས་ཉིན་དེར་རྒྱལ་ཁབ་ཀྱི་གཙོ་འཛིན་མེད་པའི་གནས་ཚུལ་འོག་དམ་བཅའ་བཞག་སྟེ་ལས་འགན་ཁུར། དེ་ནི་རྒྱལ་ཁབ་ངོ་ལོག་དང་ཆེས་མཐོའི་རྣམ་པའི་ཁྲིམས་འགལ་བྱ་སྤྱོད་ཅིག་རེད་ཟེར། 

ཐུའུ་དབྱེ་ལཱ་ཨེ་ཕཱ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སཱ་མའོ་ཡཱའི་རྒྱལ་ཁབ་ཏུ་གཙོ་འཛིན་ཁོ་ནར་གྲོས་ཁང་མཉམ་བསྡུའི་དབང་ཆ་ཡོད་པ་རེད། དད་མོས་གཅིག་གྱུར་ཏང་གི་གསར་དུ་བདམས་པའི་གྲོས་མིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་བྱ་སྤྱོད་ནི་སཱ་མའོ་ཡཱ་རྒྱལ་ཁབ་ཀྱི་གཙོ་འཛིན་ལ་བརྩི་འཇོག་མ་བྱས་པ་ཡིན་པས། ལྟ་སྐྱོང་སྲིད་གཞུང་གིས་དོན་དེ་སྣང་མེད་དུ་བསྐྱུར་མི་སྲིད་ཟེར། ཐུའུ་དབྱེ་ལཱ་ཨེ་ཕཱ་ཡིས་རྒྱལ་ཁབ་སྤྱི་བའི་ཞབས་ཞུའི་སྡེ་ཁག་གིས་མུ་མཐུད་དུ་འགན་འཁྲི་དམ་སྲུང་བྱས་ཏེ། ཆབ་སྲིད་གནད་དོན་དེ་སྲིད་ཏང་ལ་ཐག་གཅོད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། 

སཱ་མའོ་ཡཱའི་གྲོས་ཁང་གིས་གླིང་གཅིག་ལམ་ལུགས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་དེས་ད་ལོའི་ཟླ་བཞི་བར་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་ནས། འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་ཏང་དང་དད་མོས་གཅིག་གྱུར་ཏང་ལ་ཐོབ་པའི་གྲོས་ཁང་གི་ལས་གནས་ཁ་གྲངས་གཅིག་མཚུངས་ཡིན་པ་རེད། ཆབ་སྲིད་ཀྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་ཆེད། སཱ་མའོ་ཡཱ་རྒྱལ་ཁབ་ཀྱི་མགོ་གཙོས་ཟླ་ལྔ་བའི་ཚེས་བཞི་ཉིན་ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་ཡང་བསྐྱར་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས། ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། སཱ་མའོ་ཡཱའི་ཆེས་མཐོའི་ཁྲིམས་ཁང་གིས་འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་ཏང་ལ་ཐོབ་པའི་གྲོས་ཁང་གི་ལས་གནས་གཅིག་ནུས་མེད་ཡིན་པར་ཁྱབ་བསྒྲགས་བྱས་ཏེ། དད་མོས་གཅིག་གྱུར་ཏང་ལ་རྒྱལ་ཁ་ཐོབ་པའི་ཐག་གཅོད་བྱས་པར་མ་ཟད། ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྲོས་ཁང་གི་གྲོས་ཚོགས་བསྡུས་ནས་ཙུང་ལི་དང་གསར་དུ་བདམས་པའི་གྲོས་མིས་ལས་འགན་ཁུར་བའི་མཛད་སྒོ་སྤེལ་རྒྱུའི་རེ་བ་བཏོན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།