ཨུ་རུ་སི་དཀར་པོ་དང་ལཱ་ཐའོ་ཝེ་ཡཱ་ཡིས་ཕན་ཚུན་གྱི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བཞི་ཉིན་ལཱ་ཐའོ་ཝེ་ཡཱ་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་རྒྱལ་དར་ལ་གུས་མེད་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཨུ་རུ་སི་དཀར་པོར་སྡོད་པའི་ལཱ་ཐའོ་ཝེ་ཡཱའི་གཞུང་ཚབ་ཆེན་མོ་སེ་མཱ་ནེ་སི་དགའ་བསུ་མི་བྱེད་པའི་མིར་ཁྱབ་སྒྲོག་བྱས་ཏེ། ཁོ་རང་ཉིན་གཅིག་གི་ནང་ཨུ་རུ་སི་དཀར་པོའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན། ཉིན་དེར་ལཱ་ཐའོ་ཝེ་ཡཱའི་ཕྱི་འབྲེལ་པུའུ་ཡིས་ལཱ་ཐའོ་ཝེ་ཡཱ་རུ་སྡོད་པའི་ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་གཏོང་རྒྱུ་ཁྱབ་སྒྲོག་བྱས། 

བསྒྲགས་པ་ལྟར་ན། ཨུ་རུ་སི་དཀར་པོས་སེ་མཱ་ནེ་སི་ཉིན་གཅིག་གི་ནང་ཁ་འབྲལ་དགོས་པའི་རེ་བ་བཏོན་པ་ལས་གཞན་ད་རུང་ཨུ་རུ་སི་དཀར་པོར་སྡོད་པའི་ལཱ་ཐའོ་ཝེ་ཡཱའི་ཕྱི་འབྲེལ་དཔོན་པོ་དང་གཞུང་ཚབ་ཁང་གི་སྲིད་འཛིན་ལག་རྩལ་མི་སྣ་ཚང་མ་དུས་ཚོད་ཞེ་བརྒྱད་ནང་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན། མི་གཅིག་བསྡད་དེ་གཞུང་ཚབ་ཁང་ལ་ལྟ་སྐྱོང་བྱས་ཆོག་པར་བྱས། 

བསྒྲགས་པ་ལྟར་ན། ལཱ་ཐའོ་ཝེ་ཡཱ་རུ་ཉིས་སྟོང་ཉེར་གཅིག་ལོའི་ལུས་རྩལ་བྱ་འགུལ་ལ་ཞུགས་པའི་ཨུ་རུ་སི་དཀར་པོའི་ལུས་རྩལ་པ་དག་ལཱ་ཐའོ་ཝེ་ཡཱའི་རྒྱལ་ས་ལི་ཅཱ་ཡི་མགྲོན་ཁང་ཞིག་ཏུ་བསྡད་ཡོད། ཚེས་ཉེར་བཞི་ཉིན་གྱི་ཞོགས་པར་ལཱ་ཐའོ་ཝེ་ཡཱ་ཕྱོགས་ཀྱིས་མགྲོན་ཁང་དེའི་ཕྱི་རོལ་དུ་བཀལ་བའི་ཨུ་རུ་སི་དཀར་པོའི་རྒྱལ་དར་དེ་ཨུ་རུ་སི་དཀར་པོས་ཁྲིམས་འགལ་དུ་བསྒྲགས་པའི་དར་ཆར་བརྗེ་སྤོར་བྱས་པ་རེད། 

ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་མཱ་ཁི་དབྱེ་ཡིས་ཚེས་ཉེར་བཞི་ཉིན་སེ་མཱ་ནེ་སི་བོས་ནས་བསྟན་དོན། ལཱ་ཐའོ་ཝེ་ཡཱ་ཕྱོགས་ཀྱི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་ལ་རྡོག་བརྫིས་བཏང་བ་ཡིན་པས། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་རིགས་དེ་མཚུངས་ཀྱི་བདག་དབང་རྒྱལ་ཁབ་ལ་དམིགས་པའི་བྱ་སྤྱོད་དེ་དང་ལེན་གཏན་ནས་བྱེད་མི་སྲིད་ཟེར། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་ལཱ་ཐའོ་ཝེ་ཡཱ་ཡིས་ཨུ་རུ་སི་དཀར་པོའི་རྒྱལ་དར་ལ་གུས་མེད་བྱས་པའི་དོན་རྐྱེན་ལ་རྟོག་ཞིབ་བྱས་ཏེ་དགོངས་དག་ཞུ་དགོས་པ་དང་། ཨུ་རུ་སི་དཀར་པོའི་རྒྱལ་དར་ཡང་བསྐྱར་འགེལ་དགོས་པའི་རེ་བ་བཏོན་པ་མ་ཟད། ཨུ་རུ་སི་དཀར་པོས་དཀྲུག་འཕེན་གྱི་བྱ་སྤྱོད་དེ་རིགས་ལ་རྒོལ་ལན་མི་སྤྲོད་ཐབས་མེད་ཡིན་པའི་ཚུལ་བསྟན། ལཱ་ཐའོ་ཝེ་ཡཱ་ཕྱོགས་ཀྱིས་ཀྱང་དེ་མཚུངས་ཀྱི་རྒོལ་ལན་སྤྲོད་སྲིད་ཀྱང་། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། 

མཱ་ཁི་དབྱེ་ཡིས་ད་རུང་བསྟན་དོན། ཨིར་ལན་རོས་ཨན་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཚེས་ཉེར་གསུམ་ཉིན་ཨུ་རུ་སི་དཀར་པོར་བྲེལ་འབབ་བྱས་པའི་དོན་རྐྱེན་ཐད་ནས། ཨུ་རུ་སི་དཀར་པོས་རྒྱལ་སྤྱིའི་ཆེད་མཁས་ཞུགས་པའི་ཡོངས་བསྒྲགས་ཀྱི་རྟོག་ཞིབ་སྤེལ་བར་གྲ་སྒྲིག་བྱས་ཡོད་ཟེར། ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཡིས་གནས་ཚུལ་འདི་འདྲའི་འོག་ཨུ་རུ་སི་དཀར་པོའི་རྒྱལ་དར་ལ་གུས་མེད་བྱེད་པའི་བྱ་སྤྱོད་དེ་འདྲ་བྱུང་བར་ཧ་ལས་པའི་ཚུལ་བསྟན། 

ལཱ་ཐའོ་ཝེ་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་ལཱ་ཐའོ་ཝེ་ཡཱ་རུ་སྡོད་པའི་ཨུ་རུ་སི་དཀར་པོའི་གཞུབ་ཚབ་ཚབ་མ་སཱ་ཏའོ་ཧྥུའུ་སི་ཁཱ་ཡཱ་བོས་ནས། ལཱ་ཐའོ་ཝེ་ཡཱ་ཕྱོགས་ཀྱིས་དེ་མཚུངས་ཀྱི་འགུལ་སྐྱོད་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་རག་བར་ལཱ་ཐའོ་ཝེ་ཡཱ་རུ་སྡོད་པའི་ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་གཏོང་རྒྱུ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།