ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་མཱ་སི་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་བདེན་དཔང་བྱས་དོན། ཧཱ་མཱ་སི་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད། ཕྱོགས་གཉིས་ཀྱིས་ཚེས་ཉེར་གཅིག་ཉིན་གྱི་དུས་ཚོད་གཉིས་ནས་བཟུང་འཁྲུག་རྩོད་མཚམས་འཇོག་རྒྱུ་རེད། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཉིན་དེའི་དགོང་མོར་ཨེ་ཅིབ་ཀྱིས་བར་འདུམ་བྱས་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་ལེན་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

ཧཱ་མཱ་སིའི་མགྲིན་ཚབ་པ་ཁཱ་ཞི་མུའུ་ཡིས་བཤད་རྒྱུར། ཧཱ་མཱ་སི་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ཡོད་ལ། ཨེ་ཅིབ་ཀྱི་འདུམ་འགྲིག་པས་ཧཱ་མཱ་སིའི་ཆེས་མཐོའི་མགོ་ཁྲིད་པ་ཧཱ་ནེ་ཡཱ་ལ་བརྡ་བཏང་ཡོད་པ་དང་། ཚེས་ཉེར་གཅིག་ཉིན་གྱི་དུས་ཚོད་གཉིས་ནས་བཟུང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་ཟེར། 

ཧཱ་ནེ་ཡཱ་ཡིས་ཅཱ་ཧྲ་ས་ཁུལ་གྱི་སྨྱན་བྱད་བློ་འདོན་པ་ནོའུ་ནོ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་དུས་མཉམ་དུ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན། དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱས་ན། ཕཱ་ལེ་སི་ཐན་འགོག་རྒོལ་རྩ་འཛུགས་ཀྱིས་གྲོས་མཐུན་དེ་བརྩི་སྲུང་བྱེད་ངེས་ཡིན་ཟེར། 

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉེ་སྔོན་ཅཱ་ཧྲ་ས་ཁུལ་དམག་དོན་འགུལ་སྐྱོད་ཁྲོད་གྲུབ་འབྲས་ཆེན་པོ་བླངས་ཡོད། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཉིན་དེའི་དགོང་མོར་ཨེ་ཅིབ་ཀྱིས་བར་འདུམ་བྱས་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་ལེན་བྱེད་པར་གཅིག་གྱུར་ཡིད་འཐད་བྱུང་ཡོད་ཟེར་ཡང་། གསལ་སྒྲོག་ལས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་འགྱུར་བའི་དུད་ཚོད་གསལ་བོར་གླེང་མེད།

དབྱི་སི་རལ་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་རྒྱལ་སྲུང་བློན་ཆེན་ཀན་ཚི་གཉིས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་འགྱུར་བའི་དུས་ཚོད་གཏན་འཁེལ་བྱེད་པའི་དབང་ཆ་བསྩལ་ཡོད་ཟེར། དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཚེས་ཉེར་གཅིག་ཉིན་གྱི་དུས་ཚོད་གཉིས་ནས་བཟུང་ནུས་ལྡན་དུ་འགྱུར་ངེས་རེད་ཟེར། 

ཨེ་ཅིབ་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱིས་སྔོན་ཆད་འཐུས་ཚབ་ཚོགས་པ་མངག་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་དུ་བར་འདུམ་བྱས་ཏེ། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པར་འདུམ་འགྲིག་བྱས་པ་ཡིན། ཨེ་ཅིབ་ཀྱིས་ད་རུང་འཐུས་ཚབ་ཚོགས་པ་གཉིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དུ་མངག་ནས། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

གཞན་ཡང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་ཉི་ཤུ་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཉིན་དེར་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་མིག་སྔའི་འཁྲུག་རྩོད་ཇི་ལྟར་མཇུག་སྒྲིལ་བར་གྲོས་བསྡུར་བྱས། ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ཏེ། སེ་ཞི་ཡིས་ཁ་པར་གཏོང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་གྱི་ལས་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་ཕཱ་ལེ་སི་ཐན་གྱི་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ་བསྐྱར་སྒྲོག་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།