ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙེ་ཨོ་ཕི་ཡཱ་ཡིས་གྲོས་ཁང་གི་འདེམ་བསྐོའི་དུས་ཚོད་དེ་ཟླ་དྲུག་པའི་ཚེས་ཉེར་གཅིག་བར་རྗེས་སུ་སྣུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ཡོངས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་དྲུག་པའི་ཚེས་ལྔ་ཉིན་སྤེལ་བར་ཐག་བཅད་ཡོད་པའི་ཐེངས་དྲུག་པའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་བར་རྗེས་སུ་སྣུར་ཡོད་ཟེར། 

ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ཡོངས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཞེ་མཱེ་ལེ་སི་ཡིས་བཤད་རྒྱུར། འདེམ་བསྐོའི་དུས་ཚོད་གསར་བ་ནི་འདེམ་ཤོག་དཔར་འདེབས་དང་འདེམ་ཤོག་སྐྱེལ་འདྲེན་བྱས་ནས་འདེམ་ཁུལ་སོ་སོར་འབྱོར་བར་མཁོ་བའི་དུས་ཚོད་ལ་བསམ་བློ་བཏང་རྗེས་གཏན་འཁེལ་བྱས་པ་ཡིན་ཟེར། བདེ་འཇགས་ཀྱི་རྒྱུ་རྐྱེན་དབང་གིས་ས་ཁུལ་རེ་འགའི་འདེམ་བསྐོའི་བྱ་འགུལ་དེ་ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་གྱི་རྗེས་སུ་སྤེལ་རྒྱུ་ཡིན་ཡང་། འདེམ་བསྐོའི་མཇུག་འབྲས་དེ་སྐབས་གསར་བའི་སྲིད་གཞུང་མ་བཙུགས་གོང་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། 

པྲོག་གསར་གློ་ཚད་རིམས་ནད་ཀྱི་དབང་གིས་དེའི་སྔོན་ཨེ་ཙེ་ཨོ་ཕི་ཡཱ་ཡིས་ན་ནིང་ཟླ་བརྒྱད་པར་སྤེལ་རྒྱུར་ཐག་བཅད་ཡོད་པའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ད་ལོའི་ཟླ་དྲུག་པའི་ཚེས་ལྔ་ཉིན་བར་རྗེས་སུ་སྣུར་བ་རེད། རྒྱལ་ཁབ་དེའི་རྩ་ཁྲིམས་ལྟར་ན། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་མི་དག་རྒྱལ་ཡོངས་ནས་འདེམས་པ་ཡིན་པས། ལོ་ལྔའི་ནང་འདེམ་བསྐོའི་བྱ་འགུལ་ཐེངས་རེར་སྤེལ་བ་དང་། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་ཁང་ཞོལ་མའི་ལས་གནས་མང་ཆེ་བ་ཐོབ་པའི་སྲིད་ཏང་གིས་ནེ་ཀི་རྩ་འཛུགས་བྱེད་པའི་འགན་ཁུར་དགོས། །


རྩོམ་སྒྲིག་པ། : བདེ་ལེགས་མཚོ།