མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཨ་ཧྥེ་རི་ཁ་གླིང་གི་རིམས་ནད་རྗེས་ཀྱི་བསྐྱར་འཛུགས་གནད་དོན་དང་འབྲེལ་བའི་ཀྲུའུ་ཞིའི་གསལ་སྒྲོག་ལ་གྲོས་འཆམ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཡིས་ཚེས་བཅུ་དགུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་ཐོབ་ཐང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་བདེ་འཇགས་ཏེ། ཨ་ཧྥེ་རི་ཁ་གླིང་གི་རིམས་ནད་རྗེས་ཀྱི་བསྐྱར་འཛུགས་ལ་སྐུལ་འདེད་བཏང་ནས། འཁྲུག་རྩོད་ཀྱི་འབྱུང་རྩ་མེད་པར་གཏོང་དགོས་ཞེས་པའི་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་བྱས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་གྲོས་མོལ་བྱས་ཏེ་ཀྲུང་གོས་རྩོམ་འབྲི་བྱས་པའི་ཀྲུའུ་ཞིའི་གསལ་སྒྲོག་དེར་གྲོས་འཆམ་བྱུང་། 

ཀྲུའུ་ཞིའི་གསལ་སྒྲོག་ལས་ནན་གྱིས་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་དང་ཆབ་སྲིད། བདེ་འཇགས། མི་ཆོས་སོགས་ཁྱབ་ཁོངས་ལ་གཏོར་བརླག་རང་བཞིན་གྱི་ཤུགས་རྐྱེན་བཟོས་པ་དང་། ཨ་ཧྥེ་རི་ཁ་གླིང་གི་འཁྲུག་རྩོད་གནས་བབ་ཇེ་སྡུག་ཏུ་བཏང་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནད་འགག་ནུས་པ་འདོན་སྤེལ་བྱས་ནས། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་མཐུན་སྦྱོར་ཐག་གཅོད་བྱེད་དགོས། ཨ་ཧྥེ་རི་ཁ་གླིང་དང་ཁྱད་པར་དུ་འཁྲུག་རྩོད་ཀྱི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དག་ལ་སྔར་ལས་མང་བའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཤིང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་སྨན་རྫས་རོགས་སྐྱོར་དང་ཞིབ་བཤེར་སྨན་རྫས། འགོག་སྨན་བཅས་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ། མི་ཚང་མར་འདྲ་མཉམ་ངང་གསོ་བཅོས་དང་འགོག་སྨན་ཐོབ་པར་འགན་སྲུང་བྱེད་དགོས་ཟེར། 

ཀྲུའུ་ཞིའི་གསལ་སྒྲོག་ལས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གི་འཁྲུག་རྩོད་ཀྱི་འབྱུང་རྩ་མེད་པར་གཏོང་བར་གལ་འགངས་ཧ་ཅང་ཆེ། ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་དང་མཉམ་དུ་སྟོབས་ཤུགས་བཏོན་ནས། རྒྱུན་མཐུད་ཀྱི་དཔལ་འབྱོར་འཕར་སྣོན་དང་འཕེལ་རྒྱས། དབུལ་སེལ་སོགས་ཀྱི་དམིགས་འབེན་ལ་སྐུལ་འདེད་བཏང་སྟེ་ཞི་བདེའི་རྨང་གཞི་བརྟན་པོ་འདིང་དགོས། སློབ་གསོ་དང་སྨན་བཅོས་ལ་ཤུགས་སྣོན་བྱས་ནས་མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་གཏོང་བ་དང་། རྩ་བའི་སྟེང་ནས་འཁྲུག་རྩོད་ཀྱི་འབྱུང་རྩ་མེད་པར་བཏང་སྟེ་འཇིགས་སྐུལ་རིང་ལུགས་དང་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ཨ་ཧྥེ་རི་ཁ་ནས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་ས་ཁོངས་རྩ་འཛུགས་དང་ཁྱད་པར་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་དྲིལ་ནས་ཨ་ཧྥེ་རི་ཁ་གླིང་གིས་རིམས་ནད་རྗེས་ཀྱི་བསྐྱར་འཛུགས་ལ་སྐུལ་འདེད་གཏོང་བ་དང་འཁྲུག་རྩོད་ཀྱི་འབྱུང་རྩ་མེད་པར་གཏོང་བའི་ཐད་རོགས་རམ་བྱེད་དགོས་ཟེར། 

ཀྲུའུ་ཞིའི་གསལ་སྒྲོག་ལས་བསྟན་དོན། གྲོས་མོལ་དང་བར་འདུམ་སོགས་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་གནད་དོན་ཚབས་ཆེན་ཞི་འཇགས་སུ་གཏོང་བ་དང་། འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པར་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་གླིང་གི་མེ་མདའི་སྒྲ་ཞི་འཇགས་སུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་བཟོད་སྒོམ་རང་བཞིན་ལ་རྒྱབ་སྐྱོར་བྱས་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ཏུ་མི་རིགས་འགྲིག་མཐུན་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱིས་ཨ་ཧྥེ་རི་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་འཇོག་དགོས། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་རྒྱུན་མཐུད་རང་བཞིན་ལ་འགན་སྲུང་བྱས་ཤིང་། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་དང་ཆབ་སྲིད་ཆེད་མངག་ཚོགས་པས་དབང་ཆ་ལག་བསྟར་བྱེད་པའི་ནུས་པར་ཤུགས་སྣོན་བྱས་ཏེ། འཁྲུག་རྩོད་བྱུང་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོའི་ཐད་ཁོར་ཡུག་བཟང་བོ་བསྐྲུན་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་བདེ་འཇགས་འཇིགས་ཉེན་དང་འཇབ་རྒོལ་ཐེབས་པར་སེམས་ཁུར་ཆེན་པོ་བྱས་ནས། ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།