ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོའི་དམག་བཀོལ་རྩལ་ཁྲིད་པའི་གནམ་གྲུ་ཞིག་སར་ལྷུང་ནས་ཁ་ལོ་བ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ལྷོ་ནུབ་ཕྱོགས་ཀྱི་པུའུ་ལེ་སི་ཐི་མངའ་སྡེ་ནས་ཚེས་བཅུ་དགུ་ཉིན་དམག་བཀོལ་རྩལ་ཁྲིད་པའི་གནམ་གྲུ་ཞིག་སར་ལྷུང་སྟེ། ཁ་ལོ་བ་གཉིས་རྐྱེན་ལམ་དུ་ཤོར་ཟེར།

ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། སར་ལྷུང་བའི་གནམ་གྲུ་དེ་ནི་ཡཱ་ཁི-130རྟགས་ཅན་གྱི་རྩལ་ཁྲིད་པའི་གནམ་གྲུ་ཞིག་ཡིན་པ་དང་། གནམ་གྲུ་དེས་ཉིན་དེར་པུའུ་ལེ་སི་ཐི་མངའ་སྡེའི་པཱ་ལཱ་ནོའུ་ཝེ་ཆི་གྲོང་ཁྱེར་ཉེ་འདབས་སུ་འཕུར་སྐྱོད་སྦྱོང་བརྡར་བྱེད་སྐབས་ལག་རྩལ་གྱི་ཆག་སྐྱོན་བྱུང་སྟེ། གནམ་གྲུའི་སྟེང་གི་ཁ་ལོ་བ་གཉིས་གནམ་གྲུ་སར་མ་ལྷུང་གོང་ཕྱིར་ཐོན་ཡོད་ཀྱང་སྲོག་ཉེན་ལས་ཐར་ཐུབ་མེད། 

གཞན་ཡང་ཨུ་རུ་སི་དཀར་པོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གནམ་གྲུ་སར་ལྷུང་བའི་རྗེས་སུ་འགས་གཏོར་བྱུང་སྟེ་མེར་འབར། འགས་གཏོར་ལས་བྱུང་བའི་ཆག་རོས་ཁང་བ་སྐོར་ཞིག་ལ་གཏོར་བརླག་བཟོས་ཡོད་པ་དང་། ས་དེའི་སྡོད་དམངས་ལ་རྨས་ཕོག་ཡོད་ཟེར། ད་ལྟ་ཨུ་རུ་སི་དཀར་པོའི་དམག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།