ཧྥ་རན་སི་དང་ཨེ་ཅིབ། ཅོར་ཏན་བཅས་ཀྱི་མགོ་ཁྲིད་པས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐད་ནས་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས18ཉིན་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་བཅས་ཀྱིས་ཕྱོགས་གསུམ་གྲོས་མོལ་སྤེལ་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནད་དོན་ལ་གྲོས་བསྡུར་བྱས། 

ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མཱ་ཁི་ལུང་དང་། ཧྥ་རན་སིར་འཚམས་འདྲི་བྱེད་བཞིན་པའི་སེ་ཞི་གཉིས་ཀྱིས་ཉིན་དེར་རྒྱང་བསྟེན་བརྙན་རིས་ཐབས་ལམ་བརྒྱུད་དེ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་མཉམ་དུ་ཕྱོགས་གསུམ་གྲོས་མོལ་སྤེལ། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་དབུས་ཤར་ས་ཁུལ་དུ་འདུམ་འགྲིག་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ་འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། སྔ་ཉིན་མཱ་ཁི་ལུང་དང་སེ་ཞི་ཡིས་དབུས་ཤར་གནད་དོན་ཐད་ནས་གྲོས་བསྡུར་བྱས་པ་དང་། མཉམ་དུ་འབད་བརྩོན་བྱས་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐད་འདུམ་འགྲིག་ནུས་པ་འདོན་སྤེལ་བྱེད་རྒྱུའི་ཚུལ་བསྟན། 

ཨེ་ཅིབ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། སེ་ཞི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་སྟེ་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་ཡུན་རིང་བོའི་འཁྲུག་རྩོད་མཚམས་འཇོག་པའི་ཐབས་ལམ་ཉག་ཅིག་ཡིན། ཨེ་ཅིབ་ཀྱིས་མུ་མཐུད་དུ་འབད་བརྩོན་ཆེན་པོ་བྱས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་བར་དང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ། གནས་བབ་བསྟུད་མར་ཛ་དྲག་ཏུ་འགྱུར་བར་བཀག་འགོག་བྱེད་རྒྱུ་ཡིན། ཨེ་ཅིབ་ཀྱིས་མིག་སྔའི་ཛ་དྲག་གི་གནས་བབ་མཇུག་སྒྲིལ་བ་དང་གཏན་འཇགས་སླར་གསོ་བྱེད་པ། ཤི་རྨས་ཇེ་ཉུང་དུ་གཏོང་བ་བཅས་ལ་དམིགས་པའི་རྒྱལ་སྤྱིའི་བྱ་བ་གང་རུང་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར། སེ་ཞི་ཡིས་གྲོས་མོལ་བྱེད་སྐབས་ད་རུང་ཁྱབ་སྒྲོག་བྱས་དོན། ཨེ་ཅིབ་ཀྱིས་མེ་སྒོར་དུང་ཕྱུར་ལྔ་བཏང་སྟེ་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

གཞན་ཡང་ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་གྲོས་མོལ་བྱེད་སྐབས་བསྟན་དོན། ཅོར་ཏན་གྱིས་ཧྥ་རན་སིདང་ཨེ་ཅིབ་སོགས་འདུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ཧུར་ཐག་སྒོས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། དབྱི་སི་རལ་གྱི་དྲག་ཤུགས་དང་དཀྲུགས་འཕེན་བྱ་སྤྱོད་ཡོད་ཚད་ལ་བཀག་འགོག་བྱེད་རྒྱུ་མ་ཟད། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བཙན་འཛུལ་བྱ་སྤྱོད་སྤེལ་བར་བཀག་འགོག་དང་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་ཟེར། 

ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་བཤད་རྒྱུར། ཅོར་ཏན་གྱིས་ནམ་རྒྱུན་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་འདོད་བློ་བཅངས་ཡོད་པ་དང་། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱེད་པ་དང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱེད་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་བཙུགས་ཏེ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་གཏན་གྱི་ཞི་བདེ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།