ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་གྲོས་མིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་ཡོད་ཚད་མེད་པར་གཏོང་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གྲོས་ཁང་གི་གྲོས་མི་ཉིས་བརྒྱ་ཡིས་ཚེས་བཅོ་བརྒྱད་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་ཡོད་ཚད་མེད་པར་གཏོང་བ་ནི་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་སླར་གསོ་བྱེད་པའི་ཆ་རྐྱེན་གཙོ་བོ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཡོད་ཚད་རྩ་བ་ནས་མེད་པར་བཟོ་དགོས། བཀག་སྡོམ་བྱེད་ཐབས་སྐོར་ཞིག་མེད་པར་བཏང་བ་ནི་བཀག་སྡོམ་བྱེད་ཐབས་མེད་པར་མ་བཟོས་པ་དང་འདྲ་ལ། བཀག་སྡོམ་བྱེད་ཐབས་སྐོར་ཞིག་སོར་འཇོག་བྱེད་པར་ཡིད་འཐད་བྱུང་བ་ནི་དེའི་ཁྲིམས་མཐུན་རང་བཞིན་ལ་ཁས་ལེན་བྱས་པ་མཚོན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་རུ་སྤེལ་བཞིན་པའི་གྲོས་མོལ་འཕེལ་རིམ་ལ་བལྟས་ན། ཨ་མེ་རི་ཁ་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གཞན་པས་དབྱི་ལིང་གི་བཀག་སྡོམ་ཡོད་ཚད་མེད་པར་གཏོང་བའི་བསམ་ཚུལ་བསྟན་མེད། དབྱི་ལིང་གི་ཉིང་རྡུལ་བྱ་འགུལ་གྱིས་རྒྱལ་ཁབ་དེའི་དག་གཙང་ནུས་ཁུངས་བེད་སྤྱོད་དང་ཁོར་ཡུག་སྲུང་སྐྱོབ། སྨན་རྫས། ཞིང་ལས་འཕེལ་རྒྱས་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁྲོད་ནས་ངེས་པ་དོན་གྱི་དཔལ་འབྱོར་ཁེ་ཕན་བླངས་ན། ད་གཟོད་དབྱི་ལིང་དང་རྒྱལ་ཁབ་གཞན་པས་སྤེལ་བའི་གྲོས་མོལ་དེ་ཕན་ནུས་ལྡན་པ་ཞིག་ཏུ་ངོས་བཟུང་ཆོག་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།