ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཐད་ནས་ལངས་ཕྱོགས་གཅིག་གྱུར་བྱེད་མ་ཐུབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་ཕྱི་འབྲེལ་བློན་ཆེན་དག་གིས་ཚེས་བཅོ་བརྒྱད་ཉིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཛ་དྲག་གི་གནས་བབ་ཐད་ནས་དངོས་གཞི་མིན་པའི་གྲོས་ཚོགས་བསྡུས་ཀྱང་། ལངས་ཕྱོགས་གཅིག་གྱུར་བྱེད་མ་ཐུབ། 

ཐེངས་འདིའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་ཐུན་མོང་གསལ་སྒྲོག་ཅིག་རྩོམ་འབྲི་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་དྲུག་གི་རྒྱབ་སྐྱོར་ཐོབ། ཧང་ག་རི་ཡིས་དབྱི་སི་རལ་ལ་རྒྱབ་སྐྱོར་བྱས་ཏེ་ཡིད་འཐད་མིན་པའི་འདེམ་ཤོག་གཅིག་གིས་ཐུན་མོང་གསལ་སྒྲོག་དེར་ཁས་ལེན་མ་བྱས་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཐད་ནས་ལངས་ཕྱོགས་གཅིག་གྱུར་བྱེད་ཐབས་མེད་པར་བཟོས། 

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་གྲོས་ཚོགས་མཇུག་སྒྲིལ་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་ཐུན་མོང་གསལ་སྒྲོག་དེའི་ནང་དོན་གླེང་བ་དང་། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་མྱུར་དུ་དྲག་ཤུགས་བྱ་འགུལ་ཡོད་ཚད་མཚམས་བཞག་སྟེ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པར་འབོད་སྐུལ་གཏོང་བའི་དམིགས་ཡུལ་ནི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱས་ཏེ། ཅཱ་ཧྲ་ས་ཁུལ་དུ་བཀག་མེད་ཀྱི་མི་ཆོས་རིང་ལུགས་རྒྱུ་ལམ་བཏོད་པའི་ཆེད་དུ་ཡིན་ཟེར། 

པའོ་ལོས་ལེ་ཡིས་བསྟན་དོན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་བདེ་འཇགས་ཐད་ངེས་པ་དོན་གྱི་ཆབ་སྲིད་ཐག་གཅོད་ཇུས་གཞི་མཁོ་བ་དང་། དེ་ལྟར་བྱས་ན་ད་གཟོད་ཞི་བདེ་འབྱུང་སྲིད་ཟེར། ཁོས་ཆབ་སྲིད་འཕེལ་རིམ་སླར་གསོ་བྱས་ཤིང་། འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཡང་བསྐྱར་འབྲེལ་འདྲིས་དང་ཕན་ཚུན་བར་གྱི་ཡིད་ཆེས་སླར་གསོའི་བྱེད་ཐབས་གཏན་འབེབས་བྱེད་པར་འཚོལ་ཞིབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱས་ནས། དུས་ཡུན་རིང་བོར་བསྐྱུར་བའི་ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་པར་བགྲོད་ལམ་གསར་བཏོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

བསྟུད་མར་ཉིན་འགའི་རིང་ལ། ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་དང་དབྱི་སི་རལ་གྱི་ཛ་དྲག་འཁྲུག་རྩོད་མུ་མཐུད་དུ་ཇེ་སྡུག་ལ་སོང་ནས། བུད་མེད་དང་བྱིས་པ་འདུས་པའི་མི་སྣ་མང་བོར་ཤི་རྨས་བཟོས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།