དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ལེ་པཱ་ནུན་མངའ་ཁོངས་སུ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས17ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས17ཉིན་གྱི་དགོང་མོར་ལེ་པཱ་ནུན་གྱི་མངའ་ཁོངས་སུ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་ནས། ལེ་པཱ་ནུན་ཕྱོགས་ཀྱིས་དབྱི་སི་རལ་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེའི་དགོང་མོར་མེ་ཤུགས་འཕུར་མདའ་དྲུག་ལེ་པཱ་ནུན་གྱི་མངའ་ཁོངས་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་བྱང་ཕྱོགས་ཀྱི་མུས་སི་ཅཱ་ཧྥུའུ་ཨ་མུའུ་ས་ཁུལ་གྱི་མཁའ་སྲུང་ཉེན་བརྡ་ཡིས་ཚོར་བ་རེད། མེ་ཤུགས་འཕུར་མདའ་དེ་དྲུག་པོ་གཏོང་འཕེན་ཕམ་ཉེས་བྱུང་སྟེ་དབྱི་སི་རལ་གྱི་མངའ་ཁོངས་སུ་བསླེབ་མེད། དེའི་རྒོལ་ལན་དུ་དབྱི་སི་རལ་གྱི་མེ་སྒྱོགས་དམག་དཔུང་གིས་ལེ་པཱ་ནུན་གྱི་མངའ་ཁོངས་སུ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་པ་རེད་ཟེར། 

དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་སྐབས། ཉེ་འདབས་ཀྱི་ས་ཁུལ་མང་བོར་འགས་གཏོར་གྱི་སྒྲ་ཐོས་ཐུབ་ཟེར། མིག་སྔར་ཕྱོགས་གཉིས་ལ་མི་སྣར་ཤི་རྨས་བྱུང་བའི་གནས་ཚུལ་བསྒྲགས་མེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།