ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁས་རྣོ་ལྕགས་སྒོ་ཁྲལ་ཁ་སྣོན་བྱས་པའི་འགོག་རྒོལ་བྱེད་ཐབས་གནས་སྐབས་སུ་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཏུང་པུའུ་ལོ་ཧྥུའུ་སི་ཅི་སི་ཡིས་ཚེས17ཉིན་བསྟན་དོན། ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་འབྲེལ་བ་སླར་གསོ་བྱེད་ཆེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁས་རྣོ་ལྕགས་སྒོ་ཁྲལ་ཁ་སྣོན་བྱས་པ་ལས་ཨ་མེ་རི་ཁར་ལག་བསྟར་བྱས་པའི་འཁོན་ལན་སློག་པའི་བྱེད་ཐབས་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་ཟེར། 

ཏུང་པུའུ་ལོ་ཧྥུའུ་སི་ཅི་སི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཆོད་དོན་དེ་བཏོན་ནས་ཡོ་རོབ་གླིང་དང་ཨ་མེ་རི་ཁས་ཉོ་ཚོང་གི་གནད་དོན་དེར་སྔར་ལས་གྲོས་བསྡུར་ཞིབ་ཏུ་བྱེད་པར་གོ་སྐབས་བསྐྲུན་རྒྱུ་ཡིན་ཟེར། 

ཉིན་དེར་ཏུང་པུའུ་ལོ་ཧྥུའུ་སི་ཅི་སི་དང་ཨ་མེ་རི་ཁའི་ཉོ་ཚོང་འཐུས་མི་ཏའེ་ཆི། ཨ་མེ་རི་ཁའི་ཚོང་དོན་པུའུ་ཀྲང་ལོས་མིན་ཏའོ་བཅས་ཀྱིས་ཐུན་མོང་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་ཉེ་ལམ་བརྙན་རིས་གྲོས་མོལ་སྤེལ་བ་དང་། ཕན་ཚུན་བར་གྱི་ཉོ་ཚོང་རྩོད་གླེང་ཐག་གཅོད་བྱེད་པར་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་པར་འདོད། 

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན། ཨ་མེ་རི་ཁས་ཡོ་རོབ་གླིང་མནའ་འབྲེལ་སོགས་དཔལ་འབྱོར་ཚོགས་པ་ནས་ནང་འདྲེན་བྱེད་པའི་རྣོ་ལྕགས་ཐོན་རྫས་ལ་སྒོ་ཁྲལ་ཇེ་མང་དུ་བཏང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་དེའི་ཚེས་ཉེར་གཉིས་ཉིན་ནས་བཟུང་འགོག་རྒོལ་བྱེད་ཐབས་ལག་བསྟར་བྱས་ཏེ། ཨ་མེ་རི་ཁ་ནས་ནང་འདྲེན་བྱེད་པའི་ཐོན་རྫས་སྐོར་ཞིག་གི་སྒོ་ཁྲལ་ཇེ་མང་དུ་བཏང་བར་མ་ཟད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པ་ནས་བཟུང་སྔར་ལས་ལྷག་པའི་འགོག་རྒོལ་བྱེད་ཐབས་ལག་བསྟར་བྱེད་པའི་འཆར་གཞི་ཡོད་པ་རེད། 

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་དབྱིན་ཇི་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། དེའི་རྗེས་སུ་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་དུ་སོང་ནས་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་རེད། དེ་ནི་ཁོས་ད་ལོའི་ཟླ་དང་པོར་ཙུང་ཐུང་གི་འགན་ཁུར་བའི་ཚུན་གྱི་འཚམས་འདྲི་ཐོག་མ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།