ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་ཨེ་ཅིབ་ཀྱི་མགོ་ཁྲིད་པས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་མྱུར་དུ་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཚམས་འདྲིར་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་གཉིས་ཀྱིས་ཚེས17ཉིན་ཕཱ་རེ་སི་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་མྱུར་མོར་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། མི་སེར་དཀྱུས་མ་མང་བོར་འཁྲུག་རྩོད་ཁྲོད་ཤི་རྨས་ཐེབས་པར་ཡིད་སྐྱོ་བའི་ཚུལ་བསྟན། ཁོ་ཚོས་བལྟས་ན་དབུས་ཤར་ས་ཁུལ་གྱི་དགྲར་འཛིན་འགུལ་སྐྱོད་དེ་མཇུག་སྒྲིལ་བའི་དགོས་གལ་ཧ་ཅང་ཆེ་བར་འདོད། མཱ་ཁི་ལུང་གིས་ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཁྲོད་འདུམ་འགྲིག་གི་ནུས་པ་གལ་ཆེན་བཏོན་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་མཉམ་དུ་འབད་བརྩོན་བྱས་ཏེ། འཁྲུག་རྩོད་ཕྱོགས་ཁག་གིས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པར་སྐུལ་མ་བཏང་ནས་འཁྲུག་རྩོད་དེ་སྔར་ལས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་རྒྱུ་ཐག་བཅད། 

གཞན་ཡང་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་གིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཁ་པར་བཏང་བ་དང་། ཚེས་བཅུ་བདུན་ཉིན་འཚམས་འདྲིར་ཡོང་བའི་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་དང་གྲོས་མོལ་བྱས་ཏེ། དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་ཚང་མས་དབུས་ཤར་ས་ཁུལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཇི་ལྟར་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ་དྲག་ཤུགས་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་པར་གྲོས་བསྡུར་བྱས། ལེ་ཏི་ལི་ཨང་གིས་བསྟན་དོན། ཧྥ་རན་སི་ཡིས་ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ནས། དབུས་ཤར་ས་ཁུལ་གྱི་འཁྲུག་རྩོད་མྱུར་མོར་མཇུག་སྒྲིལ་དུ་འཇུག་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།