ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་མ་ཆད་པ་དང་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་ས་ཁུལ་མང་བོས་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཉེ་སྔོན་ཛ་དྲག་ཏུ་གྱུར། འཁྲུག་རྩོད་དེར་སེམས་ཁུར་བྱེད་པའི་དབང་གིས་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་ས་ཁུལ་མང་བོར་ཚེས་15ཉིན་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་། མང་ཚོགས་མང་ཆེ་བས་ཞི་བའི་ཐབས་ཀྱིས་ངོ་རྒོལ་བྱས་པ་དང་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ལ་ལར་དྲག་ཤུགས་ཀྱི་སྣང་ཚུལ་ཡང་འབྱུང་བཞིན་ཡོད། 

དབྱིན་ཇིའི་རྒྱལ་ས་ལོན་ཏོན་ནས། རྔམ་སྟོན་ཁྲོམ་སྐོར་མཁན་མང་བོ་ཧེ་ཏི་སྤྱི་གླིང་ཉེ་འདབས་སུ་འདུས་ཏེ། དབྱིན་ཇིར་སྡོད་པའི་དབྱི་སི་རལ་གཞུང་ཚབ་ཁང་གི་ཕྱོགས་སུ་སོང་། ཁོ་ཚོས་ཅཱ་ཧྲ་ས་ཁུལ་དུ་འགས་གཏོར་བྱེད་མཚམས་འཇོག་དགོས་ཞེས་པའི་འཕྲེད་བྱང་བཟུང་བ་དང་ཕཱ་ལེ་སི་ཐན་ལ་རང་དབང་སྟེར་དགོས་ཞེས་པའི་ཁ་གཡང་བསྒྲགས། རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་གྱི་རྩ་འཛུགས་མཁན་གྱིས་བཤད་ན་ཧ་ལམ་མི་འབུམ་གཅིག་དང་ཁྲི་ལྔ་ཙམ་བྱ་འགུལ་དེར་ཞུགས་ཡོད་ཟེར། 

དབྱིན་ཇིར་སྡོད་པའི་ཕཱ་ལེ་སི་ཐན་གྱི་གཞུང་ཚབ་ཆེན་མོ་ཙོ་མུའུ་ལོ་ཐི་ཡིས་ཁྲོམ་སྐོར་མཁན་ལ་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་འདིའི་འཁྲུག་རྩོད་སྔོན་ཆད་དང་མི་འདྲ་ལ། ང་ཚོས་མཐུན་སྒྲིལ་ཆེན་པོ་བྱེད་བཞིན་ཡོད་པ་དང་། ང་ཚོས་གཉའ་གནོན་མྱངས་ནས་ཡུན་རིང་འགོར་ཡོད་ཟེར། 

ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་བར་ཟླ་བཞི་བའི་ཟླ་དཀྱིལ་གྱི་སྨྱུང་གནས་ཟླ་བའི་ཚུན་ལ་འཁྲུག་རྩོད་ཐེངས་མང་བྱུང་། ཕཱ་ལེ་སི་ཐན་མང་ཚོགས་དང་དབྱི་སི་རལ་གྱི་ཉེན་རྟོག་པའི་བར་ཟླ་འདིའི་ཚེས་བདུན་དང་ཚེས་བཅུ་ཉིན་ཡེ་ལུའུ་སཱ་ལེམ་མཁར་རྙིང་ལྷ་ཁང་རི་བོ་ནས་འཁྲུག་རྩོད་དྲག་པོ་བྱུང་སྟེ། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་དང་དབྱི་སི་རལ་བར་འཁྲུག་རྩོད་བྱས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་དང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་མེ་ཤུགས་འཕུར་མདའ་བཏང་ནས་རྒོལ་ལན་སྤྲད། 

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་དང་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅོ་ལྔ་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། འཁྲུག་རྩོད་ལས་དབྱི་སི་རལ་གྱི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བཅུ་བཞིར་རྨས་ཕོག ཕཱ་ལེ་སི་ཐན་ཕྱོགས་ཀྱི་མི་བརྒྱ་དང་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་ལ་རྨས་ཕོག་ཡོད། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་ཅཱ་ཧྲ་ས་ཁུལ་གྱི་སྨྱན་བྱད་ལས་རིགས་ཀྱི་གཞུང་སྒྲུབ་ཐོག་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། གནས་དེར་ཧཱ་མཱ་སིའི་དམག་དོན་ཡན་ལག་ཁང་གི་དོན་གཅོད་ཁང་ཡོད་པར་བརྗོད། 

ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་དང་ཆེས་ཆེ་བའི་གྲོང་ཁྱེར་ཉིག་ཡོ། མཱ་སཱ་ཀྲུའུ་སེ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་པའོ་ཧྲི་ཏོན། མུས་ཞེ་ཀིན་མངའ་སྡེའི་ཏིས་ཨར་པའོ་ཨིན་གྲོང་ཁྱེར་སོགས་སུ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་། 

ཧ་ལམ་མི་སྟོང་གཉིས་ཙམ་ཉིག་ཡོ་གྲོང་ཁྱེར་གྱི་པུའུ་ལུའུ་ཁི་ལིན་པེ་ལི་ཆི་ས་ཁུལ་དུ་འདུས་པ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཕཱ་ལེ་སི་ཐན་གྱི་དར་ཆ་བཟུང་ཞིང་དབྱི་སི་རལ་གྱིས་རིགས་རྒྱུད་དམར་གསོད་བྱེད་མཚམས་འཇོག་དགོས་ཞེས་པའི་འཕྲེད་བྱང་བཟུང་ཡོད། རྔམ་སྟོན་ཁྲོམ་སྐོར་མཁན་དག་ཨ་རབ་མི་འདུས་སྡོད་བྱེད་སའི་སྲང་ལམ་ཞིག་ཏུ་འདུ་འཛོམས་བྱེད་སྐབས། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལ་ངོ་རྒོལ་བྱེད་པའི་ཡིའུ་ཐེ་བ་འགའ་ཡིས་ཕཱ་ལེ་སི་ཐན་པ་དང་མཐུན་སྒྲིལ་བྱེད་དགོས་ཞེས་པའི་འཕྲེད་བྱང་བཟུང་ནས་ཁྲོམ་སྐོར་ལ་ཞུགས། 

ཁཱ་ནཱ་ཏཱའི་མིན་ཐི་ལེ་ཨར་ནས། རྔམ་སྟོན་ཁྲོམ་སྐོར་མཁན་སྐོར་ཞིག་གིས་ཁཱ་ནཱ་ཏཱ་རུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཁང་གི་ཕྱི་རོལ་ནས་ངོ་རྒོལ་བྱ་འགུལ་སྤེལ། མིན་ཐི་ལེ་ཨར་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཞིག་གིས་བཤད་པ་ལྟར་ན། རྔམ་སྟོན་ཁྲོམ་སྐོར་མཁན་གཅིག་གིས་གཞུང་ཚབ་ཁང་གི་སྒེའུ་ཁུང་ལ་གཏོར་བརླག་བྱས་པས་འཛིན་བཟུང་བྱས་ཡོད་ཟེར། 

འཇར་མན་གྱི་རྒྱལ་ས་པའོ་ལིན་དང་ཧྥ་ལན་ཁི་ཧྥུའུ། ཧན་པའོ། ལའེ་པུས་ཞེ། སི་ཐུའུ་ཅཱ་ཐི་སོགས་ས་ཁུལ་དུ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་། རྔམ་སྟོན་ཁྲོམ་སྐོར་མཁན་བརྒྱ་དང་ཉི་ཤུ་པའོ་ལིན་གྱི་ཁི་ཨར་ཨིན་ས་ཁུལ་གསར་བའི་སྲིད་གཞུང་ཐོག་ཁང་དུ་སོང་ནས་ངོ་རྒོལ་བྱས། ཉེ་འདབས་ཀྱི་མི་སྟོང་གསུམ་དང་ལྔ་བརྒྱ་ཙམ་ཞུགས་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ནས་དྲག་ཤུགས་དོན་རྐྱེན་བྱུང་། ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་བལྟས་ན་རྔམ་སྟོན་ཁྲོམ་སྐོར་མཁན་དག་རིམས་འགོག་བྱེད་ཐབས་དང་འགལ་ཡོད་པར་འདོད། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཉེན་རྟོག་ཕྱོགས་ལ་ཤེལ་དམ་དང་རྡོ་བས་བརྒྱབ་པ་དང་། ཉེན་རྟོག་ཕྱོགས་ཀྱིས་སིར་པན་གྱི་ཆུ་བཀོལ་བ་རེད། གནས་སྐབས་སུ་མི་ག་ཚོད་འཛིན་བཟུང་བྱས་པ་གསལ་བོར་མི་ཤེས། 

ཞི་ལཱའི་རྒྱལ་ས་ཡཱ་ཏེན་ནས་མི་སྟོང་ཕྲག་མང་བོ་ཞི་ལཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དུ་སོང་ནས་ངོ་རྒོལ་བྱ་འགུལ་སྤེལ། འགས་གཏོར་འགོག་སྲུང་ཉེན་རྟོག་པས་ཆུ་མདའ་བཀོལ་བ་དང་། ཉེན་རྟོག་པ་དང་རྔམ་སྟོན་ཁྲོམ་སྐོར་མཁན་སྐོར་ཞིག་གིས་གཞུང་ཚབ་ཁང་གི་མདུན་ནས་འཛིང་རེས་བྱས། 

སི་ཕན་གྱི་རྒྱལ་ས་མཱ་ཏི་ལི་ནས། རྔམ་སྟོན་ཁྲོམ་སྐོར་མཁན་སྟོང་གཉིས་དང་ལྔ་བརྒྱ་ཙམ་གྱིས་གྲོང་ཁྱེར་ལྟེ་གནས་སུ་ངོ་རྒོལ་བྱ་འགུལ་སྤེལ། ཕ་ཡུལ་མའོ་ལོ་ཀི་ནས་ཡིན་པའི་རྔམ་སྟོན་ཁྲོམ་སྐོར་མཁན་ཞིག་གིས་གསར་འགོད་པར་བཤད་རྒྱུར། རྔམ་སྟོན་ཁྲོམ་སྐོར་ལ་ཞུགས་པ་ནི་སི་ཕན་སྲིད་གཞུང་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས་འཁྲུག་རྩོད་དེ་མཇུག་སྒྲིལ་དུ་འཇུག་ཆེད་ཡིན་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།