ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་དུ་སྨྱུང་གྲོལ་དུས་ཆེན་གྱི་ཉིན་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་མང་ཚོགས་ཀྱིས་ཚེས13ཉིན་སྨྱུང་གྲོལ་དུས་ཆེན་བསུས་ཀྱང་། ཉིན་དེར་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ་མི་སེར་དཀྱུས་མ་དགུ་རྐྱེན་ལམ་དུ་ཤོར། 

ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་པཱ་ལཱ་ཁི་ཀྲ་དབྱེ་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཞིང་ཆེན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། སོ་སོར་མི་སེར་དཀྱུས་མ་དྲུད་པའི་རླངས་འཁོར་གཉིས་ལ་འཇབ་རྒོལ་ཐེབས་ནས། བསྡོམས་པས་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག

བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ལཱ་ཧི་མཱ་ནེ་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཞིང་ཆེན་དེར་རླངས་འཁོར་ཞིག་ལ་འགས་གཏོར་འཇབ་རྒོལ་ཐེབས་ནས་མི་སེར་དཀྱུས་མ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལྷག་ལ་རྨས་ཕོག་ཟེར། ཞིང་ཆེན་དེའི་སྨན་ཁང་ཞིག་གིས་བསྒྲགས་པ་ལྟར་ན། སྨན་ཁང་གིས་འགས་གཏོར་ཁྲོད་རྨས་ཕོག་པའི་མང་ཚོགས་བཅུ་བཞི་དང་ལེན་བྱས་ཡོད་ལ། དེའི་ནང་མི་འགའི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཚེས་བཅུ་གསུམ་ཉིན་གཏམ་བཤད་སྤེལ་སྐབས་ཐཱ་ལེ་པན་གྱིས་འཐབ་རྩོད་དང་འཇབ་རྒོལ་མཚམས་བཞག་སྟེ། ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་སྒོས་ཨ་ཧྥུའུ་ཧན་ཉམས་ཉེན་གྱི་ཆབ་སྲིད་འགྲིག་མཐུན་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་། དེའི་སྔོན་ཐཱ་ལེ་པན་དང་སྲིད་གཞུང་དམག་དཔུང་གིས་སྔ་གཞུག་ཏུ་སྨྱུང་གྲོལ་དུས་ཆེན་སྐབས་སུ་དུས་ཡུན་ཉིན་གསུམ་ལ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།