ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་དམག་དོན་ཆམ་ཕབ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས13ཉིན་བསྟན་དོན། དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་དམག་དོན་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་ཞོགས་པར་ནེ་ཐཱ་ནི་ཡཱ་ཧུའུ་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་ནས་མིག་སྔའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ལ་གྲོས་བསྡུར་བྱས། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། དབྱི་སི་རལ་གྱིས་མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་གཞན་པའི་དམག་དོན་ནུས་པར་ཆམ་ཕབ་བཏང་། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཉེ་སྔོན་བསྟན་དོན། དབྱི་སི་རལ་དམག་དཔུང་གིས་ཉེ་སྔོན་ས་ངོས་ནས་ཅཱ་ཧྲ་ས་ཁུལ་དུ་དཔུང་འཇུག་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། 

དེ་ལས་གཞན་དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་བསྟན་དོན། རྒྱལ་སྤྱིའི་འདུམ་འགྲིག་བྱ་བར་བསམ་བློ་བཏང་ཡོད་ཀྱང་། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཡང་བསྐྱར་ཧཱ་མཱ་སི་ལ་ཆམ་ཕབ་གཏོང་རྒྱུ་ཐག་བཅད་པ་རེད། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་བསྟ་དོན། དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ལས་ཧཱ་མཱ་སིའི་མཐོ་རིམ་བཀོད་འདོམ་དཔོན་པོ་མང་བོའི་ཚེ་སྲོག་ཤོར་བ་ནི་མགོ་བརྩམས་པ་ཙམ་ཡིན་ལ། ཧཱ་མཱ་སི་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡིས་རིན་དོད་ཆེན་པོ་གཏོང་དགོས་ཟེར། 

ཧཱ་མཱ་སིའི་མགྲིན་ཚབ་པ་པཱ་ཨར་ཧུའུ་མུའུ་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། དབྱི་སི་རལ་ཕྱོགས་ཀྱིས་ཡེ་ལུའུ་སཱ་ལེམ་དུ་ཡོད་པའི་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་དང་ཞེ་ཧི་ཅེ་ལཱ་ས་ཁུལ་གྱི་གནོད་སྐྱེལ་བྱ་སྤྱོད་མཚམས་འཇོག་དགོས་ལ། དེ་ལྟ་མིན་ཚེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་མི་སྲིད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།