དབྱི་ལང་གི་ཕྱི་འབྲེལ་དཔོན་པོས་དབྱི་ལང་ཕྱོགས་ཀྱིས་སོ་ཏི་ཨ་རབ་བར་འབྲེལ་བ་དམ་ཟབ་འཛུགས་པར་གྲ་སྒྲིག་བྱས་ཡོད་ཅེས་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལིས་ཧྥུའུ་ཡིས་ཚེས་བཅུ་གཉིས་ཉིན་སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཀི་ནས་བསྟན་དོན།  དབྱི་ལང་དང་སོ་ཏི་ཨ་རབ་གཉིས་ཀྱིས་འབྲེལ་བ་ཁ་ཤས་བྱས་པ་དང་།   དབྱི་ལང་ཕྱོགས་ཀྱིས་སོ་ཏི་ཨ་རབ་བར་འབྲེལ་བ་དམ་ཟབ་འཛུགས་པར་གྲ་སྒྲིག་བྱས་ཡོད་ཟེར།

ཀྲ་ལིས་ཧྥུའུ་ཡིས་ཉིན་དེར་སི་རི་ཡ་རུ་འཚམས་འདྲི་བྱས་པར་མ་ཟད།  སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་ཨ་ས་ཏི་དང་ཕྱི་འབྲེལ་དཔོན་པོ་མེ་ཁུ་ཏ་ཏི་གཉིས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་སི་རི་ཡའི་ཆབ་སྲིད་འཕེལ་རིམ།  དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་མོལ།  ས་ཁུལ་གྱི་གནས་བབ་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས།  ཕྱོགས་གཉིས་ཀྱིས་གྲོས་མོལ་ཁྲོད་དུ་དབྱི་སི་རིལ་གྱིས་ཉེ་ལམ་ཕ་ལེ་སི་ཐན་ཕྱོགས་ལ་སྤེལ་བའི་འབྲེལ་ཡོད་འགུལ་སྐྱོད་ལ་རྒོལ་གཏམ་བཏང་།

ཀྲ་ལི་ཧྥུའུ་ཡིས་མེ་ཁུ་ཏ་ཏི་དང་གྲོས་མོལ་བྱས་རྗེས་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན།  དབྱི་ལང་ཕྱོགས་ཀྱིས་སོ་ཏི་ཨ་རབ་བར་འབྲེལ་བ་དམ་ཟབ་འཛུགས་པར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་།  སི་རི་ཡིས་ཀྱང་ཨ་རབ་རྒྱལ་ཁབ་བར་མཉམ་ལས་སྤེལ་བར་དགའ་བསུ་ཞུ་བ་ཡིན་ཟེར།  ཁོས་བསྟན་དོན།  དབྱི་ལང་དང་སོ་ཏི་ཨ་རབ་གཉིས་ཀྱིས་འབྲེལ་བ་ཁ་ཤས་བྱས་པ་དང་།  དབྱི་ལང་ཕྱོགས་ཀྱིས་འབྲེལ་བ་དེ་དག་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཇེ་དྲག་ཏུ་འགྲོ་བ་ད་།  ས་ཁུལ་གྱི་གཏན་འཇགས་མངོན་འགྱུར་བྱེད་པར་ཕན་པའི་རེ་བ་བཅངས་ཡོད་ཟེར།

ཀྲ་ལིས་ཧྥུའུ་ཡིས་མི་འགྱངས་བར་སྤེལ་རྒྱུ་ཡིན་པའི་སོ་ཏི་ཨ་རབ་ཀྱི་ཙུང་ཐུང་འདེམས་བསྐོའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་།  དབྱི་ལང་གིས་ཐེངས་འདིའི་འདེམས་བསྐོའི་ལྟ་ཞིབ་པར་འགྱུར་བར་གྲ་སྒྲིག་བཟང་བོ་བྱས་ཡོད་པའི་ཚུལ་བསྟན།

མེ་ཁུ་ཏ་ཏི་ཡིས་བསྟན་དོན།  སི་རི་ཡ་ཕྱོགས་ཀྱིས་དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་གྲོས་མོལ་ཁྲོད་བཏོན་པའི་རེ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད།   དུས་ཡུན་རིང་པོ་ཞིག་ལ།  སི་རི་ཡ་དང་དབྱི་ལང་གཉིས་ཀྱིས་ཨ་རབ་རྒྱལ་ཁབ་སོ་སོ་དང་དབྱི་སི་ལན་རྒྱལ་ཁབ་བར་གྱི་ལངས་ཕྱོགས་མཐུན་པར་འབད་བརྩོན་བྱས་པ་དང་།  སི་རི་ཡ་ཕྱོགས་ཀྱིས་དེའི་ཐད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།