ཀྲུང་གོ་དང་ཐན་ཙན་ཉི་ཡ་གཉིས་ཀྱིས་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་ཆོད་དོན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཐན་ཙན་ཉི་ཡས་ཚེས12ཉིན་ཏ་ལེ་སི་སཱ་ལཱ་མུའུ་ནས་ཀྲུང་གོ་དང་ཐན་ཙན་ཉི་ཡའི་བར་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་ཆོད་དོན་བཀོད།   ཆོད་དོན་ལྟར་ན།  ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ཉི་ཡ་ཕྱོགས་ལ་རིན་ཚབ་མི་དགོས་པའི་མ་དངུལ་གྱི་རོགས་སྐྱོར་གསར་པ་འདོན་སྤྲོད་བྱས་ཏེ་ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པའི་རོགས་སྐྱོར་ལས་གཞི་འཛུགས་སྐྲུན་ཐད་བཀོལ་རྒྱུ་རེད།

ཀྲུང་གོ་ཕྱོགས་ཀྱི་ཐན་ཙན་ཉི་ཡ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཝང་ཁུ་དང་ཐན་ཙན་ཉི་ཡའི་ནོར་སྲིད་འཆར་འགོད་པུའུ་ཡི་དྲུང་ཡིག་ཐུའུ་ཐུའུ་པཱ་གཉིས་ཀྱིས་སོ་སོར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་ཚབ་བྱས་ཏེ་ཆོད་དོན་སྟེང་མིང་བཀོད།

ཝང་ཁུ་ཡིས་མིང་རྟགས་འགོད་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་ནས་བཤད་རྒྱུར།  ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་ཐན་ཙན་ཉི་ཡ་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོར་བརྩི་བཞིན་ཡོད།    རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ང་བདུན་གྱི་རིང་ལ།   ཀྲུང་གོས་ཐན་ཙན་ཉི་ཡའི་ལྕགས་ལམ་སོགས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་གཞི་མང་པོར་རོགས་སྐྱོར་བྱས་མྱོང་།  ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་བདེན་གཉེར་གྱི་འདུ་ཤེས་སྲུང་འཛིན་བྱས་ཏེ་ཀྲུང་གོ་དང་ཐན་ཙན་ཉི་ཡའི་འཐབ་ཇུས་སྦྲེལ་མཐུད་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད།  མིག་སྔར།  པྲོག་གསར་གློ་ཚད་ཀྱིས་འཛམ་གླིང་ལ་སྔར་བཞིན་ཤུགས་རྐྱེན་ཐེབས་བཞིན་ཡོད་པས།  ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ཉི་ཡ་ཕྱོགས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་པ་དང་།   ཐན་ཙན་ཉི་ཡ་ཕྱོགས་དང་མཉམ་དུ་རིམས་ནད་འགོག་རྒོལ་དང་དཀའ་གནད་ལ་ཁ་གཏད་འཇལ་འདོད་ཡོད་ཟེར།

ཐུའུ་ཐུའུ་པཱ་ཡིས་གཏམ་བཤད་ཁྲོད་བསྟན་དོན།  ཀྲུང་གོ་སྲིད་གཞུང་གིས་ཐན་ཙན་ཉི་ཡ་ཕྱོགས་ལ་རིགས་སོ་སོའི་འཕེལ་རྒྱས་ལས་གཞིའི་ཐད་ནས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན།  ཐན་ཙན་ཉི་ཡ་ཕྱོགས་ཀྱིས་ཐན་ཙན་ཉི་ཡ་དང་ཀྲུང་གོ་བར་གྱི་འབྲེལ་བ་བཟང་བོར་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།  ཐན་ཙན་ཉི་ཡའི་སྲིད་གཞུང་གིས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པའི་རོགས་སྐྱོར་ལས་གཞི་བདེ་བླག་ངང་ལག་བསྟར་བྱས་ནས་སྔོན་དཔག་གི་དམིགས་འབེན་དུ་སླེབས་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།