ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་ཀའོ་ཨ་མངའ་སྡེའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཉེར་དྲུག་དབྱང་དབུགས་དཀོན་པའི་དབང་གིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ཀའོ་ཨ་མངའ་སྡེའི་གཞུང་བཙུགས་སྨན་ཁང་ཞིག་ཏུ་ཚེས11ཉིན་ཉུང་མཐར་ཡང་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ26དབྱང་དབུགས་དཀོན་པའི་དབང་གིས་རྐྱེན་ལམ་དུ་ཤོར།

ཀའོ་ཨ་མངའ་སྡེ་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཝེ་ཧྲི་ཝ་ཅི་ཐི.ལཱ་ནེ་ཡིས་བཤད་རྒྱུར། དོན་རྐྱེན་དེ་ཀའོ་ཨ་གསོ་རིག་སློབ་གླིང་ཁོངས་གཏོགས་སྨན་ཁང་དུ་བྱུང་། སྨན་ཁང་དེའི་དབྱང་དབུགས་ཀྱི་དགོས་མཁོ་ཚད་ནི་དམ་བེ་སྟོང་གཅིག་དང་ཉིས་བརྒྱ་ཡིན་ན་ཡང་། མིག་སྔར་དམ་བེ་བཞི་བརྒྱ་མ་གཏོགས་མེད། ཁོས་མཐོ་རིམ་ཁྲིམས་ཁང་གིས་དོན་རྐྱེན་འདིར་བརྟག་བཤེར་བྱེད་རྒྱུའི་རེ་བ་བཏོན་ཡོད་ཟེར།

རྒྱ་གར་གྱི་ཨན་ཏི་ལཱ་མངའ་སྡེའི་གཞུང་བཙུགས་སྨན་ཁང་ཞིག་ཏུ་ཚེས་བཅུ་ཉིན་གྱི་དགོང་མོར་ཡང་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བཅུ་གཅིག་དབྱང་དབུགས་དཀོན་པའི་དབང་གིས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེུན་བྱུང་། སྐོར་གསར་བའི་རིམས་ནད་གནས་བབ་ཇེ་སྡུག་ཏུ་སོང་བའི་རྐྱེན་གྱིས། རྒྱ་གར་གྱི་ས་ཆ་མང་པོའི་སྨན་ཁང་གི་ཉལ་ཁྲི་དང་དབྱང་དབུགས། འགོག་སྨན་དང་སྨན་རྫས་སོགས་སྨན་བཅོས་ཐོན་ཁུངས་དཀོན་པའི་གནས་ཚུལ་བྱུང་བ་དང་། ཟླ་བཞི་པའི་ཚུན་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དབྱང་དབུགས་དཀོན་པའི་དབང་གིས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་མང་པོ་བྱུང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།