ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འགལ་རྩོད་ཐད་ནས་ཕྱི་འབྲེལ་པུའུ་ཀྲང་གི་བྲེལ་མྱུར་བརྙན་རིས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས11ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་རབ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཉིན་དེར་བྲེལ་མྱུར་བརྙན་རིས་གྲོས་ཚོགས་བསྡུས་ནས། དབྱི་སི་རལ་གྱིས་ཡེ་ལུའུ་ས་ལིན་ནས་ཕ་ལེ་སི་ཐན་གྱི་མི་ལ་ཁ་གཏད་པའི་བཙན་གནོད་སྤྱོད་ཚུལ་ཐད་ནས་གྲོས་སྡུར་བྱས་ཟེར།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་གསལ་བསྒྲགས་ནང་བཤད་རྒྱུར། ཐེངས་འདིའི་བརྙན་རིས་གྲོས་ཚོགས་བསྡུས་དོན་ནི་དབྱི་སི་རལ་གྱིས་ཡེ་ལུའུ་ས་ལིན་དང་ཕ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་ས་ཁོངས་གཞན་པའི་སྟེང་གི་བཙན་གནོད་སྤྱོད་ཚུལ་ལ་རྒོལ་གཏམ་གཏོང་བའི་ཆེད་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འགལ་རྩོད་འདི་ལྟར་རྒྱུན་སྲིང་བྱེད་མི་འོས་པའི་ཆ་འཕྲིན་གསལ་བོ་སྤེལ་ཟེར། ཁོས་བཤད་རྒྱུར། དབྱི་སི་རལ་གྱི་སྤྱོད་ཚུལ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བ་དང་། ཕ་ལེ་སི་ཐན་གྱི་མིས་ཆོས་ལུགས་གནས་མཆོག་ཏུ་ཆོས་ལུགས་བྱ་འགུལ་སྤེལ་བའི་ལུགས་མཐུན་དབང་ཆར་གནོད་པ་བྱས་ཟེར།

ཀའེ་ཐི་ཡིས་ཉིན་དེར་གསལ་བསྒྲགས་གཞན་པའི་ནང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་མི་ལ་ཁ་གཏད་པའི་ཁྱད་མེད་འཇབ་རྒོལ་ལ་རྒོལ་གཏམ་བཏང་། ཁོས་བཤད་རྒྱུར། དབྱི་སི་རལ་གྱིས་ཡེ་ལུའུ་ས་ལིན་གྱི་བཙན་གནོད་སྤྱོད་ཚུལ་དང་དབྱི་སི་རལ་སྲིད་གཞུང་གིས་ཡིའུ་ཐའེ་ཡི་ཐལ་སྤྱོད་མི་སྣའི་བཟོད་སྒོམ་སྤྱོད་ཚུལ་གྱིས་འགལ་རྩོད་ཇེ་དྲག་ཏུ་བཏང་བ་དང་། དབྱི་སི་རལ་སྲིད་གཞུང་གིས་ངེས་པར་དུ་འགལ་རྩོད་ཇེ་དྲག་ཏུ་སོང་བའི་ཐད་འགན་ཁུར་དགོས་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་སྤྱད་དེ། དབྱི་སི་རལ་གྱིས་ཡེ་ལུའུ་ས་ལིན་དང་ཅཱ་ཧྲ་ས་ཁུལ། ཕ་ལེ་སི་ཐན་གྱི་འཛིན་བཟུང་བྱས་པའི་ས་ཁོངས་གཞན་པའི་སྟེང་གི་སྐྱོན་འཚོལ་སྤྱོད་ཚུལ་ལ་བཀག་འགོག་བྱེད་རྒྱུའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།