ཀྲུང་གོ་བོད་ཀྱི་དྲ་བ།

ལུའུ་ཧ་ཉི་ཡིས་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ཀྱི་གྲོས་མོལ་ཐད་རྣམ་འགྱུར་བཟང་པོ་བཅངས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་ཙུང་ཐུང་ཧཱ་སང་ལུའུ་ཧཱ་ཉི་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཁོས་དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་སླར་གསོ་བྱེད་པའི་གྲོས་མོལ་གྱི་འཕེལ་རིམ་ལ་རྣམ་འགྱུར་བཟང་བོ་བཅངས་ཡོད་པ་དང་། ཕལ་ཆེར་དབྱི་ལང་གི་བཀག་སྡོམ་གཙོ་བོ་བྱེད་མཚམས་འཇོག་པའི་གྲོས་ཆོད་འགོད་ཐུབ་ཟེར།

དབྱི་ལང་གི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ལུའུ་ཧཱ་ཉི་ཡིས་སྐད་ཆ་དྲངས་ནས་བསྒྲགས་རྒྱུར། བཀག་སྡོམ་གཙོ་བོའི་རིགས་ཚང་མ་ཕལ་ཆེར་མཚམས་བཞག་པ་དང་། དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ཀྱི་གྲོས་མོལ་དེ་མིག་སྔར་ཞིབ་ཕྲའི་གནད་དོན་ཁ་ཤས་ཐག་གཅོད་རྒྱུ་ཙམ་ལས་ལྷག་མེད་ཟེར།

ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་གྲོས་ཆོད་དེའི་ཕྱོགས་གཞན་དག་གིས་ལུའུ་ཧཱ་ཉི་ཡི་བཤད་ཚུལ་དེར་ལན་ཅི་ཡང་བཏབ་མེད་ཟེར།

དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མིས་གཟའ་འཁོར་སྔོན་མར་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྐོར་ཐེངས་བཞི་པའི་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁ་དང་དབྱི་ལང་གིས་གྲོས་ཆོད་ཡང་བསྐྱར་ལག་བསྟར་བྱེད་པའི་གྲོས་གཞི་ལ་གྲོས་སྡུར་བྱས། ཨ་མེ་རི་ཁ་དང་དབྱི་ལང་། ཡོ་རོབ་གླིང་བཅས་ཀྱི་དཔོན་རིགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལང་ཕྱོགས་གཉིས་བར་དུ་གྲོས་ཆོད་ཡང་བསྐྱར་ལག་བསྟར་བྱེད་པའི་ཐད་དུ་སྔར་བཞིན་འགལ་བ་ཧ་ཅང་ཆེ་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་དེའི་སྔོན་ལ་ཁོས་དབྱི་ལང་གིས་ཝེ་ཡེ་ནཱའི་གྲོས་མོལ་ལ་བཟུང་བའི་གཟབ་ནན་གྱི་རྣམ་འགྱུར་གསལ་བོར་མི་ཤེས་ཟེར། ཁོས་ཚེས་བདུན་ཉིན་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལང་གི་གྲོས་མོལ་ཁྲོད་ཀྱི་གཟབ་ནན་གྱི་རྣམ་འགྱུར་ཁས་ལེན་མོད། ཡིན་ནའང་གཟབ་ནན་གྱི་ཚད་དེ་དང་དོན་དག་ཇི་ལྟར་བསྒྲུབ་རྒྱུ་གཉིས་ནི་གཅིག་མཚུངས་གཏན་ནས་མིན་ཟེར།

དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལེ་ཧྥུའུ་ཡིས་ཚེས་བརྒྱད་ཉིན་སྤྱི་འབྲེལ་སྨྱན་བྱད་བརྒྱུད་ནས་བཤད་རྒྱུར། ད་ལྟའི་དབྱི་ལང་གི་ཉམས་ཉེན་ནི་ཨ་མེ་རི་ཁའི་སྐབས་སྔོན་མའི་སྲིད་གཞུང་ལོ་གསུམ་གྱི་སྔོན་ལ་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲལ་ནས་ཕྱིར་བུད་པ་ལས་བྱུང་བ་ཡིན་པས། ཨ་མེ་རི་ཁའི་ད་ལྟའི་སྲིད་གཞུང་གིས་ངེས་པར་དུ་གདམ་གསེས་ཡང་དག་བྱེད་དགོས་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། དབྱི་ལང་གིས་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་བར་དུ་དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་ཆོད་བཀོད། གྲོས་ཆོད་དེའི་ནང་དུ་དབྱི་ལང་གིས་རང་གི་ཉིང་རྡུལ་འཆཅར་གཞི་ལ་ཚོད་འཛིན་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལང་ལ་བཀག་སྡོམ་བྱེད་མཚམས་འཇོག་ཏུ་འཇུག་རྒྱུའི་དམ་བཅས་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་པར། ཨ་མེ་རི་ཁ་སྲིད་གཞུང་གིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་ཆོད་ལག་བསྟར་བྱེད་མཚམས་བཞག་པ་དང་། དེའི་རྗེས་སུ་དབྱི་ལང་ལ་གསར་དུ་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་སྤྱད། ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་པ་ནས་བཟུང་། དབྱི་ལང་གིས་རིམ་བཞིན་དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་ཆོད་ཁྲོད་ཀྱི་དོན་ཚན་ཁ་ཤས་ལག་བསྟར་བྱེད་མཚམས་བཞག་པ་དང་། བྱེད་ཐབས་དེ་ཨ་མེ་རི་ཁའི་རྣམ་འགྱུར་ལ་བལྟས་ནས་བསྒྱུར་ཆོག་ཅེས་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།