འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མའོ་ཏི་ནཱའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བྲེལ་མྱུར་བེད་སྤྱོད་ཀྱི་གསལ་ཁྲའི་ནང་འཇོག་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་མའོ་ཏི་ནཱ་ཀུང་ཟིས་གསར་སྤེལ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དེ་བྲེལ་མྱུར་བེད་སྤྱོད་ཀྱི་གསལ་ཁྲའི་ནང་འཇོག་རྒྱུ་ཡིན་པ་དང་། དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྲེལ་མྱུར་བེད་སྤྱོད་ཁས་ལེན་ཡི་གེ་ཐོབ་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རིགས་ལྔ་བར་གྱུར། 

མའོ་ཏི་ནཱའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ནི་ཉིང་མངར་དང་ཉིང་སྐྱུར་ཚད་འཇལ་གྱི་འགོག་སྨན་ཞིག་ཡིན་པ་དང་། ཨ་མེ་རི་ཁའི་ཆེས་ཐོག་མར་ནད་ཐོག་ཚོད་ལྟ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཞིག་ཀྱང་རེད། འགོག་སྨན་དེར་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་འགོག་འཐབ་ཇུས་བློ་འདྲིའི་ཆེད་མཁས་ཚན་ཆུང་གི་གྲོས་ཞིབ་དང་ལེན་བྱས་པ་དང་། ཆེད་མཁས་ཚན་ཆུང་དེས་ལོ་བཅོ་བརྒྱད་ཡན་གྱི་མི་ལ་འགོག་སྨན་དེ་བེད་སྤྱོད་བྱེད་པའི་གྲོས་གཞི་བཏོན། 

ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པར། ཨ་མེ་རི་ཁའི་ཟས་རིགས་དང་སྨན་རྫས་དོ་དམ་ཅུའུ་ཡིས་མའོ་ཏི་ནཱའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱི་བྲེལ་མྱུར་བེད་སྤྱོད་ཀྱི་དབང་སྟེར་རེ་ཞུར་ཆོག་མཆན་བཀོད་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོར། ཡོ་རོབ་གླིང་སྨན་རྫས་དོ་དམ་ཅུའུ་ཡིས་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྱབ་ཁོངས་སུ་ཚོང་རར་འགྲེམ་པར་ཆོག་མཆན་བཀོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།