ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་ན་གཞོན་བཅུ་དྲུག་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། བདེ་འཇགས་སྡེ་ཁག་གིས་ཨུ་རུ་སིར་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་པའི་ཝུའུ་ཁི་ལན་གྱི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་ན་གཞོན་བཅུ་དྲུག་འཛིན་བཟུང་བྱས་ཡོད་ཟེར། 

ཁོངས་མི་དེ་དག་སོ་སོར་ཨུ་རུ་སིའི་ས་ཁུལ་རེ་འགའ་ནས་འཛིན་བཟུང་བྱས་པར་བཤད་ཀྱང་། བསྒྲགས་པའི་གནས་ཚུལ་ལས་བྱེ་བྲག་གི་འཛིན་བཟུང་དུས་ཚོད་བསྒྲགས་མེད། ཨུ་རུ་སིའི་བདེ་འཇགས་སྡེ་ཁག་གིས་ད་རུང་མཚོན་ཆ་དང་ཐལ་སྤྱོད་པའི་གྱོན་ཆས། དྲག་ཤུགས་བརྙན་རིས། དེ་མིན་ལག་བསྟར་བྱས་པ་དང་ལག་བསྟར་བྱེད་རྩིས་ཡོད་པའི་འཇབ་རྒོལ་བྱ་སྤྱོད་ཀྱི་གཞི་གྲངས་བརྡ་འཕྲིན་སོགས་རྩད་ཆོད་ཡོད། 

ཨུ་རུ་སིའི་བདེ་འཇགས་སྡེ་ཁག་གིས་མཚམས་སྦྱོར་བྱས་པ་ལྟར་ན། རྩ་འཛུགས་དེའི་མགོ་བ་ཁི་ལཱ་སི་ནོའུ་ཧྥུའུ་ཡིས་ཝུའུ་ཁི་ལན་དུ་ཁོངས་མི་དེ་དག་གི་འགུལ་སྐྱོད་ལ་རྒྱང་བསྟེན་བཀོད་འདོམ་བྱེད་བཞིན་ཡོད་པ་རེད། ཁོངས་མི་དག་གིས་མཛུབ་སྟོན་ྟར་དུ་ཐལ་སྤྱོད་ཀྱི་འཕྲེད་བྱང་འགེལ་བ་དང་། འགྲོ་སའི་ཁྱིམ་མེད་པའི་མི་དང་སྤྱིར་བཏང་གི་སྤྱི་དམངས། ཁྲིམས་འཛིན་མི་སྣ་སོགས་ལ་གཅར་རྡུང་དང་མཚོན་ཆ་བེད་སྤྱད་ནས་འཇབ་རྒོལ་བྱེད་པར་མ་ཟད། ཁང་བ་སོགས་མེར་གཏོང་བཞིན་ཡོད་པ་རེད། 

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། མིག་སྔར་ཁི་ལཱ་སི་ནོའུ་ཧྥུའུ་ལྐོག་གསོད་གྱོད་དོན་ཞིག་ལ་ཞུགས་པའི་བདེན་དཔང་རྙེད་ཡོད་པ་དང་། བྱེ་བྲག་གི་གྱོད་དོན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།