ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ལས་ཁུངས་ཀྱིས་ཉིས་སྟོང་སུམ་ཅུ་ལོའི་རིམས་འགོག་གྲོས་རིམ་གྱིས་འགོག་སྨན་བརྒྱག་པར་སྐུལ་འདེད་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། འཛམ་གླིང་ཡོངས་ཀྱི་འགོག་སྨན་དང་རིམས་འགོག་མནའ་འབྲེལ་སོགས་ལས་ཁུངས་ཀྱིས་ཚེས་ཉེར་དྲུག་ཉིན་མཉམ་དུ་ཉིས་སྟོང་སུམ་ཅུ་ལོའི་རིམས་འགོག་གྲོས་རིམ་ཁྱབ་སྒྲོག་བྱས་པ་དང་། དམིགས་ཡུལ་ནི་འགོག་སྨན་བརྒྱག་པར་སྐུལ་འདེད་བཏང་སྟེ་སྔར་ལས་མང་བའི་མིའི་ཚེ་སྲོག་སྐྱོབ་པའི་ཆེད་དུ་རེད། 

འཛམ་གླིང་རིམས་འགོག་གཟའ་འཁོར་ཅེས་པའི་བྱ་འགུལ་ལོ་རེའི་ཟླ་བཞི་བའི་ཆེས་མཇུག་མཐའི་གཟའ་འཁོར་ལ་སྤེལ་བཞིན་ཡོད་ལ། དེའི་དམིགས་ཡུལ་ནི་འགོག་སྨན་བརྒྱག་པར་སྐུལ་འདེད་བཏང་ནས་ལོ་ཚད་མི་འདྲ་བའི་མི་རྣམས་ལ་ནད་ཡམས་འབྱུང་བར་སྔོན་འགོག་བྱེད་པའི་ཆེད་དུ་རེད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། འཛམ་གླིང་ཡོངས་ཀྱི་འགོག་སྨན་དང་རིམས་འགོག་མནའ་འབྲེལ་སོགས་ལས་ཁུངས་ཀྱིས་ཉིན་དེར་མཉམ་དུ་ཉིས་སྟོང་སུམ་ཅུ་ལོའི་རིམས་འགོག་གྲོས་རིམ་བཏོན། གྲོས་རིམ་དེས་གཙོ་བོ་བྱིས་པ་ནས་ན་གཞོན་དང་། དེ་ནས་རྒན་པའི་བར་ཚེ་སྲོག་གི་འཁོར་རྒྱུན་ཧྲིལ་བོའི་འགོག་སྨན་བརྒྱག་པར་དོ་སྣང་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཤད་རྒྱུར། གལ་ཏེ་གྲོས་རིམ་དེ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ན། འཛམ་གླིང་ཡོངས་སུ་མི་བྱེ་བ་ལྔ་ཙམ་གྱི་ཚེ་སྲོག་ཤོར་བར་སྔོན་འགོག་ཐུབ་པ་དང་། དེའི་ནང་བརྒྱ་ཆའི་དོན་ལྔ་ནི་ཡོང་འབབ་དམའ་བ་དང་ཡོང་འབབ་དམའ་འབྲིང་གི་རྒྱལ་ཁབ་ནས་ཡིན་ཟེར། 

གྲོས་རིམ་དེའི་དམིགས་འབེན་གཙོ་བོར་ཉིས་སྟོང་སུམ་ཅུ་ལོའི་བར་བྱིས་པ་དང་ན་གཞོན་ལོ་ཆུང་དུས་སྐབས་ཀྱི་གཞི་རྩའི་འགོག་སྨན་བརྒྱག་པའི་ཚད་བརྒྱ་ཆའི་དགུ་བཅུར་བསླེབ་དགོས་པ་དང་། འགོག་སྨན་གཏན་ནས་བརྒྱབ་མེད་པའི་བྱིས་པའི་ཁ་གྲངས་ཕྱེད་ཙམ་ཇེ་ཉུང་དུ་གཏོང་དགོས་ལ། རྒྱལ་ཁབ་དང་ས་གནས་ལྔ་བརྒྱ་ཡིས་འགོག་སྨན་གསར་བ་དང་བེད་སྤྱོད་གང་ལེགས་ཐུབ་པའི་འགོག་སྨན་ནང་འདྲེན་ཡོངས་འགྲུབ་བྱེད་དགོས་པ་སོགས་འདུས། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་བསྟན་དོན། འགོག་སྨན་གྱིས་པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བའི་སྣང་ཚུལ་མཇུག་སྒྲིལ་བར་རོགས་འདེགས་བྱེད་ཐུབ་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་ངེས་པར་དུ་རྒྱལ་ཁབ་ཚང་མར་འདྲ་མཉམ་ངང་འགོག་སྨན་ཐོབ་པར་འགན་སྲུང་བྱེད་དགོས་པར་མ་ཟད། རིམས་འགོག་མཁོ་འདོན་མ་ལག་སྟོབས་ལྡན་ཞིག་འཛུགས་དགོས། སིབ་བི་དང་མགྲིན་ནད་སོགས་ཚེ་སྲོག་ལ་ཉེན་པའི་རིམས་ནད་ཐེངས་མང་འབྱུང་བར་སྔོན་འགོག་བྱེད་ཆེད། ངེས་པར་དུ་རྒྱུན་སྲོལ་གྱི་འགོག་སྨན་བརྒྱག་པའི་ཞབས་ཞུར་རྒྱལ་ཁབ་སོ་སོ་ནས་སྲུང་སྐྱོབ་ཐོབ་པར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།