ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་གོ་ཅིན་གྱི་སྲིད་གཞུང་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལུའུ་ཁུང་ཏི་ཡིས་ཙུང་ལིའི་འགན་ཁུར་བའི་ཁོང་གོ་ཅིན་གྱི་སྐབས་གསར་བའི་སྲིད་གཞུང་གིས་ཚེས་ཉེར་དྲུག་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ལུའུ་ཁུང་ཏི་ཡིས་ཉིན་དེར་སྲིད་གཞུང་གསར་བའི་སྲིད་འཛིན་རྩ་གནད་ཁྱབ་བསྒྲགས་བྱས། རྒྱལ་དམངས་གྲོས་ཁང་གིས་དེའི་རྗེས་སུ་འདེམ་ཤོག་བཞི་བརྒྱ་དང་བཅུ་གཉིས་ཡིད་འཐད་བྱུང་བ་དང་། འདེམ་ཤོག་གཉིས་ཀྱིས་དབང་ཆ་བསྐྱུར་བའི་བརྡས་གཅོད་མཇུག་འབྲས་ཀྱིས་སྲིད་གཞུང་གསར་བའི་སྲིད་འཛིན་རྩ་གནད་ལ་གྲོས་འཆམ་བྱུང་། 

ཁོང་གོ་ཅིན་གྱི་སྐབས་གསར་བའི་སྲིད་གཞུང་ལ་བསྡོམས་པས་ཁོངས་མི་ང་བདུན་ཡོད་པ་དང་། དེའི་ནང་བུད་མེད་བཅུ་བཞི་འདུས། 

ཁོང་གོ་ཅིན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་བ་དང་། ངོ་རྒོལ་ཏང་གི་འདེམ་སྒུག་མི་སྣ་ཆི་སེ་ཁི་ཏིས་ཙུང་ཐུང་དུ་བདམས། སྔོན་ཆད་ཀྱི་ཙུང་ཐུང་ཁཱ་པུས་ལཱ་ཡོད་སའི་ཆབ་སྲིད་མནའ་འབྲེལ་ལ་རྒྱལ་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གི་འདེམ་བསྐོའི་ཁྲོད་ལས་གནས་མང་ཆེ་བ་ཐོབ་པས་ཆབ་སྲིད་སྟོབས་ཤུགས་གཉིས་ཀྱིས་བསྟུད་མར་འགྲན་རྩོད་བྱས། ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་བར། ཆི་སེ་ཁི་ཏིས་དང་ཁཱ་པུས་ལཱ་གཉིས་ཡོད་སའི་ཆབ་སྲིད་མནའ་འབྲེལ་གྱིས་མཉམ་འབྲེལ་སྒོས་ནེ་ཀི་རྩ་འཛུགས་བྱས་པ་དང་། དབྱེ་ལོན་ཅཱ་ཙུང་ལིར་བསྐོ་འཇོག་བྱས། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པར། ཆི་སེ་ཁི་ཏིས་ཀྱིས་མཉམ་འབྲེལ་སྲིད་འཛིན་བྱེད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་དང་། གྲོས་ཁང་གི་ལས་གནས་མང་ཆེ་བ་ཐོབ་པར་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན། 

ད་ལོའི་ཟླ་དང་པོར། རྒྱལ་དམངས་གྲོས་ཁང་གིས་དབྱེ་ལོན་ཅཱ་ཡི་ལས་འགན་བླངས་པ་དང་། དེའི་རྗེས་སུ་ཁོས་ཙུང་ཐུང་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད། ཆི་སེ་ཁི་ཏིས་ཀྱིས་ཟླ་གཉིས་པར་ལུའུ་ཁུང་ཏི་ཙུང་ལི་གསར་བར་བསྐོ་འཇོག་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།