ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་མཉམ་འབྲེལ་སྲིད་གཞུང་གི་དཔོན་པོ་ཞིག་གིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་དབུས་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་དུ་འཁྲུག་རྩོད་དྲག་པོ་བྱེད་བཞིན་ཡོད་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་ཉུང་མཐར་ཡང་སྲིད་གཞུང་གི་དམག་དཔུང་གི་མཐོ་རིམ་དམག་དཔོན་ཞིག་དང་དམག་མི་ཉེར་གསུམ། ཧུའུ་སེ་དྲག་ཆས་མི་སྣ་ཉེར་བདུན་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།
མིང་བཤད་མི་འདོད་པའི་དཔོན་པོ་དེས་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཧུའུ་སེ་དྲག་ཆས་ཉེས་ཅན་གྱིས་མཱ་ལི་པུའུ་གྲོང་ཁྱེར་ནུབ་ངོས་ཀྱི་གནད་འགག་གི་གཡུལ་ས་རེ་འགའ་བཙན་བཟུང་བྱས་ཡོད་པ་དང་། ཁོ་ཚོས་མཱ་ལི་པུའུ་གྲོང་ཁྱེར་གྱི་འཕྲོག་རྩོད་འཐབ་འཁྲུག་ཁྲོད་ཤུགས་ཆེན་པོ་ཟིན་ཡོད་ཟེར།
ཁོས་བདེན་དཔང་བྱས་དོན། སྲིད་གཞུང་དམག་དཔུང་གི་དམག་དོན་ཁྲིམས་འཛིན་སྡེ་ཁག་གི་འགན་ཁུར་བ་དམག་དཔོན་ཧཱ་ཧི་ལི་དང་དམག་མི་ཉེར་གསུམ་འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་ཡོད། སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་གཡུལ་སར་དྲག་རྒོལ་བྱས་ཏེ་ཉུང་མཐར་ཡང་དྲག་ཆས་ཉེས་ཅན་ཉེར་བདུན་བསད་ཡོད་ཟེར།
མཱ་ལི་པུའུ་ཞིང་ཆེན་ནི་ཡེ་མིན་གྱི་རྡོ་སྣུམ་ཐོན་སྐྱེད་བྱེད་ས་གཙོ་བོ་ཞིག་ཡིན་པ་དང་། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བཀོད་འདོམ་པུའུ་ཡོད་སའང་ཡིན། ད་ལོའི་ཟླ་དང་པོའི་ཚུན་ལ། ཧུའུ་སེ་དྲག་ཆས་པ་དང་ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཞིང་ཆེན་དེ་ནས་ཐེངས་མང་བོར་འཁྲུག་རྩོད་དྲག་པོ་བྱས་ཏེ། མི་སྟོང་ཕྲག་ཙམ་རྐྱེན་ལམ་དུ་ཤོར་བ་དང་ཁྱིམ་ཚང་སྟོང་གསུམ་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་མི་ང་གཅིག་རྐྱེན་ལམ་དུ་ཤོར།