ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པས་འབར་མའི་ཕྱོགས་ཁག་སོ་སོས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་ཡཱ་ཅཱ་ཏཱ་ནས་སྤེལ་བའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་འབར་མའི་གནད་དོན་གྱི་དམིགས་བསལ་གྲོས་ཚོགས་ཀྱིས་ཚེས་ཉེར་བཞི་ཉིན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་གསལ་སྒྲོག་སྤེལ་ཏེ། འབར་མའི་ཕྱོགས་ཁག་སོ་སོས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་ནས་མི་དམངས་ཀྱི་ཁེ་ཕན་ལ་འཚམ་པའི་ཞི་བདེའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། ཁྱིམ་ཚང་ཆེན་མོ་ཞིག་ཡིན་པའི་ཆ་ནས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པས་འབར་མའི་ཉེ་སྔོན་གྱི་གནས་བབ་འཕེལ་རྒྱས་ལ་གྲོས་བསྡུར་ཞིབ་མོ་བྱས་པར་མ་ཟད། འབར་མའི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པས་འབར་མའི་གནས་བབ་ཐད་ནས་ཐུན་མོང་གི་ལྟ་ཚུལ་ལྔ་བཀོད་ཡོད། དེའི་ནང་ཕྱོགས་སོ་སོས་ཚད་ཆེན་པོས་རང་ཚོད་འཛིན་པ་དང་། ཕྱོགས་སོ་སོས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་དགོས་པ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་འདུམ་འགྲིམ་བྱེད་པ་སོགས་འདུས། 

ཐེངས་འདིའི་གྲོས་ཚོགས་གསང་སྟབས་ཀྱིས་སྤེལ་བ་དང་། ཚོགས་ཡུན་ཉིན་གཅིག་རེད། གྲོས་ཚོགས་སུ་ཞུགས་མཁན་ལ་ཝུན་ལའེ་དང་ཁམ་ཕུ་ཀྲེ། ཧིན་རྡུ་ཉི་ཞི་ཡཱ། མཱ་ལེ་ཞི་ཡཱ། སིང་ག་ཕོར། ཡོ་ནན་བཅས་ཀྱི་མགོ་ཁྲིད་པ་དང་། འབར་མ་རྒྱལ་ཁབ་ཀྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མེན་ཨང་ལའེ། དེ་མིན་ལའོ་ཝའོ་དང་ཐེ་གོ། ཧྥེ་ལེ་པེན་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་སོགས་ཡོད། 

ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱ་ཨར་སུའུ་ཏིས་ཀྱིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དེ་ནི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པས་ཐོག་དང་པོར་ཡུལ་དངོས་གྲོས་ཚོགས་བསྡུས་པ་ཡིན་ལ། དེ་ལས་འབར་མའི་གནས་བབ་ལ་སེམས་ཁུར་བྱེད་པ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་འབར་མ་མིག་སྔའི་གནས་བབ་ལས་ཐར་བར་རོགས་རམ་བྱེད་པའི་ཆོད་སེམས་མཚོན་ཡོད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།