མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་མཉམ་དུ་འབད་བརྩོན་བྱས་ནས་སའི་གོ་ལའི་བདེ་ཐང་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས22ཉིན་ནི་འཛམ་གླིང་གི་སའི་གོ་ལའི་ཉིན་མོ་ང་གཉིས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཅིག་ཉིན་ཞུ་ཚིག་ཕུལ་ཏེ། སའི་གོ་ལའི་སྐྱེ་ཁམས་དེ་གནོད་འཚེ་དང་ཉེན་ཁའི་བར་མཚམས་སུ་གནས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་དཀའ་སྤྱད་འབད་བརྩོན་བྱས་ནས། སའི་གོ་ལའི་བདེ་ཐང་སླར་གསོ་དང་མིའི་རིགས་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་དུ་འཇུག་དགོས། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མིའི་རིགས་ཀྱིས་སྔར་བཞིན་རང་བྱུང་ཁམས་ལ་གཏོར་བརླག་བྱེད་བཞིན་ཡོད་པ་དང་། འཛེམ་དོགས་ཅི་ཡང་མེད་པར་སའི་གོ་ལའི་ཐོན་ཁུངས་འཕྲོག་ལེན་བྱེད་བཞིན་ཡོད་ལ། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པར་མ་ཟད། མཁའ་དབུགས་དང་སྐམ་ས། རྒྱ་མཚོ་བཅས་མཁོ་མེད་དངོས་རྫས་ཀྱི་འདོར་ཡུལ་དུ་བྱས་ཡོད་པས། ཆེས་གནད་འགག་གི་སྐྱེ་ཁམས་མ་ལག་དང་ཁ་ཟས་ཀྱི་འབྲེལ་རྒྱུན་དེ་ཆགས་འཇིག་གི་མཐའ་རུ་བསྐྱལ་ཡོད། 

ཁོས་བསྟན་དོན། མིའི་རིགས་ཀྱིས་ངེས་པར་དུ་རང་བྱུང་ཁམས་ཆེན་མོར་འཐབ་མཚམས་བཞག་སྟེ་དེར་སྲུང་སྐྱོབ་བྱས་ནས་རང་བྱུང་ཁམས་ཆེན་མོའི་བདེ་ཐང་སླར་གསོ་བྱེད་དགོས། དེ་བས་བློ་སྤོབས་ཆེན་པོས་ནམ་ཟླའི་འགུལ་སྐྱོད་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་དེ་བཟོ་ལས་ཅན་གྱི་སྔ་རོལ་གྱི་ཆུ་ཚད་ལས་འཕར་ཚད་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱེད་དགོས་ཡོད། དམིགས་འབེན་དེ་མངོན་འགྱུར་བྱེད་ཆེད། ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ་གད་སྙིགས་ཇེ་ཉུང་དུ་གཏོང་བ་དང་སྦགས་བཙོག་ཇེ་ཉུང་དུ་གཏོང་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། གོང་སྨྲས་ཀྱི་བྱེད་ཐབས་དེ་ལག་བསྟར་བྱས་ན་མིའི་རིགས་ཀྱི་ཁྱིམ་གཞིས་གཅིག་པུར་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་པ་དང་། ལས་ཞུགས་ཀྱི་གོ་སྐབས་ཁྲི་སྟོང་མང་བོ་གསར་བསྐྲུན་བྱེད་ཐུབ། པྲོག་གསར་གློ་ཚད་རིམས་ནད་ལས་སླར་གསོ་བྱེད་པ་ནི་གོ་སྐབས་ཤིག་ཡིན་པ་དང་། འཛམ་གླིང་ཧྲིལ་བོ་སྔར་ལས་དག་གཙང་དང་ལྷད་མེད། རྒྱུན་མཐུད་ཀྱི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པར་རོགས་འདེགས་ཀྱི་ནུས་པ་ཐོན་ཐུབ་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།