ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་གཟའ་འཁོར་འདིའི་ནང་ཕྱིར་རྒྱལ་ནང་དུ་ལོག་ནས་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བར་གྲོས་བསྡུར་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཚེས་ཉི་ཤུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཧྲ་ལེ་ཝུན་གཟའ་འཁོར་འདིའི་ནང་ཕྱིར་རྒྱལ་ནང་དུ་ལོག་ནས། ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བའི་ཐད་ནས་པེད་ཏིན་སྲིད་གཞུང་གི་དཔོན་རིགས་དང་ཐད་ཀར་གྲོས་མོལ་བྱེད་རྒྱུ་རེད་ཟེར། 

ཧྲ་ལེ་ཝུན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཁོས་པེད་ཏིན་སྲིད་གཞུང་གི་ལས་གྲོགས་གསར་བ་དང་མཉམ་དུ་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བའི་ད་ལྟའི་གནས་བབ་ལ་ཐད་ཀར་གྲོས་མོལ་བྱེད་པར་གལ་འགངས་ཧ་ཅང་ཆེ་བར་ཡིད་ཆེས་ཡོད་ཟེར། 

ཧྲ་ལེ་ཝུན་གྱིས་བཤད་རྒྱུར། མ་འོངས་པའི་གཟའ་འཁོར་འགའི་རིང་། ཨ་མེ་རི་ཁ་དང་ཨུ་རུ་སིའི་ཙུང་ཐུང་གིས་གྲོས་མོལ་མ་བྱས་གོང་། ཁོ་རང་ཕྱིར་མའོ་སི་ཁི་རུ་ཡོང་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བཅོ་ལྔ་ཉིན་ཨུ་རུ་སིས་དྲ་རྒྱའི་འཇབ་རྒོལ་བྱས་པ་དང་ཨ་མེ་རི་ཁའི་འདེམ་བསྐོ་ལ་ཐེ་གཏོགས་བྱས་པ་སོགས་ཀྱི་བྱ་འགུལ་སྤེལ་བ་རྒྱུ་མཚན་དུ་བྱས་ཏེ། ཨུ་རུ་སི་ལ་གཞི་རྒྱ་ཆེ་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་མ་ཟད་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་བཅུ་མཐར་སྐྲོད་བཏང་། དེའི་ཕྱི་ཉིན་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣ་བཅུ་མཐར་སྐྲོད་གཏོང་རྒྱུ་ཁྱབ་སྒྲོག་བྱས། 

ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས་བཅུ་དྲུག་ཉིན་ཧྲ་ལེ་ཝུན་བོས་ཏེ། ཁོ་རང་ཕྱིར་ཨ་མེ་རི་ཁར་སོང་ནས་ཨ་མེ་རི་ཁའི་སྲིད་གཞུང་གི་དཔོན་རིགས་དང་མཉམ་དུ་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་གནད་དོན་ལ་གྲོས་བསྡུར་བྱེད་དགོས་པའི་གྲོས་གཞི་བཏོན། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།