ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། རྒྱལ་ས་ཁཱ་པོར་ནས་ཉིན་དེའི་དགོང་མོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཅིག་བྱུང་ཟེར། 

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཨ་ལི་ཨན་གྱིས་བཤད་རྒྱུར། ཉིན་དེའི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་ལྔ་བཅུའི་ཡས་མས་སུ། ཁཱ་པོར་གྱི་ཉེན་ཟོན་ས་ཁུལ་བཅོ་ལྔ་བར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཅིག་བྱུང་ཟེར་ཡང་། ཁོས་དེའི་བྱེ་བྲག་གི་ནང་དོན་གསལ་བོར་བརྗོད་མེད། 

བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་རླངས་འཁོར་རུ་ཁག་ལ་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་བཞིར་རྨས་ཕོག་ཡོད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། ཟླ་འདིའི་ཚེས་བཞི་ཉིན། ཐཱ་ལེ་པན་གྱིས་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཉེ་སྔོན་ཐཱ་ལེ་པན་ལ་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། གལ་ཏེ་སྲིད་གཞུང་དམག་དཔུང་གིས་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་ན། ཐཱ་ལེ་པན་གྱིས་འཁོན་ལན་སློག་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།