ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་རིམ་པ་བགོ་བའི་ཐབས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཡང་བསྐྱར་ཞུགས་འདོད་མེད་པ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་སྲིད་གཞུང་གི་མགྲིན་ཚབ་པ་ལཱ་པུས་ཨེ་ཡིས་ཚེས་ཉི་ཤུ་ཉིན་ཏི་ཧེ་ལན་ནས་སྤེལ་བའི་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་གྲུབ་འབྲས་ཐོབ་པར་བྱེད་ཆེད་རིམ་པ་བགོ་བའི་ཐབས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཡང་བསྐྱར་ཞུགས་པའི་ཇུས་གཞི་དང་ལེན་བྱེད་མི་སྲིད་ཟེར། 

དབྱི་ལིང་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཝེ་ཡེ་ནཱ་རུ་སྤེལ་བཞིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འབྲེལ་བའི་གྲོས་ཚོགས་གླེང་སྐབས་ལཱ་པུས་ཨེ་ཡིས་བཤད་རྒྱུར། དབྱི་ལིང་ཕྱོགས་ཀྱིས་རིམ་པ་བགོ་བའི་ཐབས་ཀྱིས་ཝེ་ཡེ་ནཱའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་ཏུ་འཇུག་པར་སྤྲོ་བ་མེད་ཟེར། 

ལཱ་པུས་ཨེ་ཡིས་བཤད་རྒྱུར། དབྱི་ལིང་གིས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་ལ་བརྟེན་ནས་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་བཏང་སྟེ་ཨ་མེ་རི་ཁ་དང་དབྱི་ལིང་ཕྱིར་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པར་རེ་བས་ཁེངས་ཡོད་ཟེར། ཁོས་ཨ་མེ་རི་ཁའི་སྲིད་གཞུང་མྱུར་མོར་གྲོས་མཐུན་དེའི་ནང་ཕྱིར་ལོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དབྱི་ལིང་གིས་ཨ་མེ་རི་ཁས་ཆིངས་ཡིག་ལག་བསྟར་བྱས་པའི་གནས་ཚུལ་ལ་དཔྱད་ཞིབ་བྱས་རྗེས་ཆིངས་ཡིག་དེ་ཡོངས་སུ་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

གཞན་ཡང་དབྱི་ལིང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཝེ་ཡེ་ནཱ་རུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་བཞིན་པའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨ་ལཱ་ཀི་ཞེ་ཡིས་ཚེས་ཉི་ཤུ་ཉིན་བསྟན་དོན། གྲོས་མོལ་བྱེད་སྐབས་དབྱི་ལིང་གིས་ཇི་ལྟར་དབྱི་ལིང་གི་གཉའ་གནོན་རང་བཞིན་གྱི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བ་ཁོ་ནར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། དབྱི་ལིང་གིས་རིམ་པ་བགོ་བའི་ཐབས་ཇུས་དང་གནས་སྐབས་གྲོས་མཐུན་རིགས་དང་ལེན་བྱེད་སྲིད་པར་བསྒྲགས་པ་ནི་ཁུངས་ལུང་མེད་པའི་འཆལ་གཏམ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།