ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་གི་མ་འོངས་གྲོས་ཚོགས་ཀྱི་གྲངས་ལྡན་སྟེགས་བུ་བཀོལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅུ་དགུ་ཉིན་ཡོ་རོབ་གླིང་གི་མ་འོངས་གྲོས་ཚོགས་ཀྱི་སྐད་རིགས་མང་བོའི་གྲངས་ལྡན་སྟེགས་བུ་བཀོལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྤྱི་དམངས་ཀྱིས་སྟེགས་བུ་དེ་བརྒྱུད་དེ་ཡོ་རོབ་གླིང་གི་མ་འོངས་པར་བློ་འདོན་ཇུས་འབུལ་བྱས་ཆོག་པ་རེད། 

ཡོ་རོབ་གླིང་གི་མ་འོངས་གྲོས་ཚོགས་ཀྱི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་པུའུ་ལུའུ་སེར་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཡོ་རོབ་གླིང་གི་མ་འོངས་གྲོས་ཚོགས་ཀྱི་གྲངས་ལྡན་སྟེགས་བུ་བཀོལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། སྟེགས་བུ་དེར་སྐད་རིགས་མི་འདྲ་བ་ཉེར་བཞིའི་པར་གཞི་ཡོད་ཅིང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྤྱི་དམངས་ཀྱིས་སྟེགས་བུའི་སྟེང་ནམ་ཟླའི་འགྱུར་ལྡོག་དང་ཁོར་ཡུག བདེ་ཐང་། གྲངས་ལྡན་རིམ་འཕར། རིག་གནས། སློབ་གསོ་སོགས་གླེང་གཞིའི་ཐད་ནས་ལྟ་ཚུལ་དང་ལྟ་བ་སྐུད་ཐོག་ནས་མཉམ་སྤྱོད་བྱས་ཆོག་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གཏན་འབེབས་དང་མ་འོངས་འཕེལ་རྒྱས་ཁ་ཕྱོགས་དམ་འཛིན་བྱེད་པར་རོགས་འདེགས་ཀྱི་ནུས་པ་ཐོན་ཐུབ་ངེས་རེད། 

སྟེགས་བུ་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྤྱི་དམངས་ལ་སྒོ་འབྱེད་བྱེད་རྒྱུ་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་ཁུངས་དང་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་གྲོས་ཚོགས། ས་གནས་སྲིད་གཞུང་དང་སྤྱི་ཚོགས་ཚོགས་ཁག་སོགས་ཀྱང་དེར་ཞུགས་ཆོག་པ་རེད། དེའི་ཞོར་དུ་སྟེགས་བུ་དེས་བེད་སྤྱོད་མཁན་གྱི་གསང་བར་བརྩི་འཇོག་གང་ལེགས་བྱེད་པ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་གྲངས་ལྡན་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་བརྩི་སྲུང་བྱེད་ངེས་ཡིན་ཟེར། 

ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་སཱ་སོ་ལེ་ཡིས་བསྟན་དོན། སྟེགས་བུ་དེ་ནི་ཡོ་བྱད་གལ་ཆེན་ཞིག་ཡིན་པ་དང་། སྤྱི་དམངས་ཟབ་ཞུགས་བྱས་ནས་ཡོ་རོབ་གླིང་གི་མ་འོངས་པར་གཏམ་བཤད་སྤེལ་བའི་དབང་ཆ་ཡོད་ལ། ཁོ་ཚོའི་སྐད་སྒྲ་གཞན་གྱིས་ཐོས་ཐུབ་པ་དང་ཐབས་ཇུས་ཁྲོད་ནུས་པ་འདོན་སྤེལ་བྱེད་ཐུབ་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་བཤད་རྒྱུར། སྟེགས་བུ་དེས་ཡོ་རོབ་གླིང་གི་མི་རྣམས་རྟོག་བཟོའི་ཐབས་ཀྱིས་མཉམ་དུ་འདུས་པར་གོ་སྐབས་བཟང་བོ་བསྐྲུན་ཡོད་པ་དང་། མི་སུ་ཡིན་ཡང་ཡོ་རོབ་གླིང་གི་མ་འོངས་པ་གསར་བསྐྲུན་བྱེད་པར་བྱས་རྗེས་འཇོག་ཐུབ་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།