ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་མཚོན་ཆ་དང་སྒྲིག་ཆས་ངོམས་ཏེ་དམག་འཛུགས་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། དབྱི་ལིང་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས18ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གིས་དམག་དཔུང་གི་སྡོད་གནས་མང་བོར་དམག་གཟིགས་མཛད་སྒོ་སྤེལ་བ་དང་། རྣམ་པ་གསར་བའི་མཚོན་ཆ་དང་སྒྲིག་ཆས་ངོམས་ཏེ། དམག་འཛུགས་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས་ཟེར། 

པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་ད་ལོའི་དམག་འཛུགས་དུས་ཆེན་གྱི་དམག་གཟིགས་མཛད་སྒོར་ཞུགས་མཁན་ཚང་མ་དྲག་ཆས་དམག་དཔུང་མ་གཏོགས་མེད། མི་བསྡད་མེད་པའི་གནམ་གྲུ་དང་འཁྲབ་ལྡན་འཁོར་ལོ། གློག་རྡུལ་འཐབ་འཁྲུག་གི་སྒྲིག་ཆས། འཕུར་མདའ་སོགས་སྒྲིག་ཆས་དག་རྒྱལ་ས་ཏི་ཧེ་ལན་གྱི་དམག་གཟིགས་མཛད་སྒོའི་སྟེང་ངོམས། 

བསྒྲགས་པ་ལྟར་ན། ད་ལོའི་དམག་གཟིགས་མཛད་སྒོའི་སྟེང་ངོམས་པའི་སྒྲིག་ཆས་ལ་དབྱི་ལིང་རང་གིས་ཐོན་སྐྱེད་བྱས་པའི་ཏཱ་མཱ་ཝན་ཏི་རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་འདུས་ཡོད། མཁའ་སྲུང་འཕུར་མདའི་མ་ལག་དེས་འཐབ་འཛིང་གནམ་གྲུ་དང་སྐོར་གཡེང་འཕུར་མདའ་སོགས་དམིགས་འབེན་ལ་ཆམ་ཕབ་གཏོང་ཐུབ་ཟེར། 

ཉིན་དེར་ཏི་ཧེ་ལན་ནས་སྤེལ་བའི་དམག་གཟིགས་མཛད་སྒོའི་སྟེང་། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེའི་དམག་དཔུང་ཁྲོད་ཀྱི་འཐུས་མི་ཧཱ་སིང་ནེ་ཡིས་ཧཱ་མེ་ནེ་དབྱེ་ཡིས་ཡིག་ཐོག་གི་ཞུ་ཚིག་སྒྲོག་འདོན་བྱས། ཧཱ་མེ་ནེ་དབྱེ་ཡིས་དམག་དཔུང་གིས་དགོས་མཁོ་ལྟར་འཐབ་འཁྲུག་གྲ་སྒྲིག་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན། 

དབྱི་ལིང་གིས་ལོ་རེར་སོ་སོར་ཟླ་བཞི་བའི་དམག་འཛུགས་དུས་ཆེན་དང་ཟླ་དགུ་བའི་འཐབ་འཁྲུག་རྗེས་དྲན་ཉིན་མོར་དམག་གཟིགས་མཛད་སྒོ་སྤེལ་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།