ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱི་མེ་འཁོར་ཞིག་ལྕགས་ལམ་ལས་བྲལ་ནས་ཉུང་མཐར་ཡང་མི11ཚེ་ལས་འདས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་ཚེས18ཉིན་གྱི་དགོང་མོར་བཤད་རྒྱུར། ཉིན་དེར་བྱུང་བའི་འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་ལམ་ལས་བྲལ་བའི་དོན་རྐྱེན་དུ་ཉུང་མཐར་ཡང་མི11ཚེ་ལས་འདས་པ་དང་། མི98ལ་རྨས་སྐྱོན་ཕོག་ཡོད། 

ཚེས18ཉིན། འགྲུལ་སྐྱེལ་མེ་འཁོར་ཞིག་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བྱང་རྒྱུད་ཀྱི་གྲོང་ཁྱེར་མན་སུའུ་ལར་བསྐྱོད་པའི་ལམ་བར་དུ། ཐུའུ་ཧེ་གྲོང་ཁྱེར་དུ་གློ་བུར་དུ་འཁོར་སྒྲོམ4འཁོར་ལས་ལས་བྲལ། དོན་རྐྱེན་བྱུང་རྗེས། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱིས་སྡེ་ཁག་བཞི་ལ་མཉམ་འབྲེལ་བརྟག་དཔྱད་ཨུ་ཡོན་ལྷན་ཁང་འཛུགས་དགོས་པའི་བཀའ་ཕབ། ཨེ་ཅིབ་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་མེ་འཁོར་གྱི་ཁ་ལོ་བ་དང་། ཁ་ལོ་བའི་ལག་རོགས། དཔོན་རིགས8བཅས་ལ་བརྟག་དཔྱད་བྱས་ཟིན་ཞེས་བསྟན། 

ཨེ་ཅིབ་འཕྲོད་བསྟེན་པུའུ་ཡི་གསལ་བསྒྲགས་ནང་འཕྲོད་བསྟེན་པུའུ་ཡིས་མྱུར་སྐྱོབ་རླངས་འཁོར60བཏང་ནས་རོགས་སྐྱོབ་བྱས་ལ། རྨས་མ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཡོད་ཅེས་བཤད། 

ལྕགས་ལམ་གྱི་རྨང་གཞིའི་སྒྲིག་ཆས་རྙིང་ཞིང་དོ་དམ་མི་ལེགས་པ་སོགས་ཀྱི་རྐྱེན་གྱིས་ཨེ་ཅིབ་ཀྱི་ལྕགས་ལམ་ལ་དོན་རྐྱེན་མང་པོ་འབྱུང་གིན་ཡོད།  

ཟླ3པའི་ཚེས26ཉིན། ཨེ་ཅིབ་ཀྱི་ལྷོ་རྒྱུད་སུའོ་ཧ་ཅེ་ཞིང་ཆེན་དུ་འགྲུལ་སྐྱེལ་མེ་འཁོར་གཉིས་རྡུང་ཐུག་རྒྱབ་པའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི19ཚེ་ལས་འདས་ཤིང་མི200ལྷག་ལ་རྨས་སྐྱོན་ཐེབས། ཨེ་ཅིབ་ཀྱི་ཞིབ་དཔྱོད་ཕྱོགས་ཀྱིས་དོན་རྐྱེན་དེ་ནི་མི་སྣས་སྣང་མེད་དུ་བཞག་པའི་རྐྱེན་གྱིས་རེད་ཅེས་བསྟན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།