ཀྲུང་གོ་བོད་ཀྱི་དྲ་བ།

ས་ཧ་ལའི་ལྷོ་ཕྱོགས་ཀྱི་ཨ་ཧྥེ་རི་ཁ་གླིང་གིས་དཔལ་འབྱོར་བསྐྱར་དར་གྱི་ལམ་དུ་ཞུགས་པར་རེ་སྒུག་བྱེད་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་རྩ་འཛུགས་ཁ་ཤས་ཀྱིས་ཉེ་སྔོན་སྤེལ་བའི་སྙན་ཞུ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོར། ས་ཧ་ལའི་ལྷོ་ཕྱོགས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་ས་ཁུལ་གྱི་དཔལ་འབྱོར་བསྐྱར་དར་འབྱུང་བར་རེ་བ་ཆེ་ནའང་། པྲོག་གསར་གློ་ཚད་བསྟུད་མར་བྱུང་བ་དང་། འགོག་ཁབ་ཐོབ་པར་ཚད་བཀག་ཡོད་པ། སྲིད་ཇུས་ཀྱི་བར་སྟོང་ཆུང་བ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས། མ་འོངས་པར་ས་ཁུལ་དེའི་དཔལ་འབྱོར་འཕར་སྣོན་འབྱུང་བར་སྔར་བཞིན་འགྲན་རྩོད་མང་བོ་ཡོད་ཟེར།

རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས་ཀྱིས་ཚེས་བཅོ་ལྔ་ཉིན་སྤེལ་བའི་འདོན་ཐེངས་གསར་པའི་ས་ཧ་ལའི་ལྷོ་ཕྱོགས་ཀྱི་ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་དཔལ་འབྱོར་གནས་བབ་ཅེས་པའི་སྙན་ཞུ་ལས། ཚོད་དཔག་བྱས་ན་ཕྱིར་གཏོང་གི་འཕར་སྣོན་དང་ཚོང་རྫས་ཆེན་མོའི་རིན་གོང་འཕར་བ། དེ་དང་མཉམ་དུ་འཛད་སྤྱོད་དང་དངུལ་གཏོང་སླར་གསོ་བྱས་པ་བཅས་ཀྱི་སྐུལ་འདེད་འོག་ཏུ། ཉིས་སྟོང་ཉེར་གཅིག་ལོར་ས་ཧ་ལའི་ལྷོ་ཕྱོགས་ཀྱི་ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་དཔལ་འབྱོར་འཕར་ཚད་དེ་ཡང་བསྐྱར་བརྒྱ་ཆའི་གསུམ་དང་གྲངས་ཆུང་བཞིའི་ཚད་དུ་བསླེབ་ངེས་ཟེར།

སྙན་ཞུ་ལས་བཤད་རྒྱུར། རིམས་ནད་ཀྱིས་ས་ཧ་ལའི་ལྷོ་ཕྱོགས་ཀྱི་ཨ་ཧྥེ་རི་ཁ་གླིང་ས་ཁུལ་ལ་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་བཟོས་པ་དང་། ཚོད་དཔག་བྱས་ན་ཉིས་སྟོང་ཉི་ཤུའི་ལོར་ས་ཁུལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་གཅིག་དང་གྲངས་ཆུང་དགུ་མར་ཆག་པ་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་པའི་སྔོན་དཔག་གི་ཚད་ལས་ཅུང་དམའ་ན་ཡང་། ཐོ་འགོད་བྱས་པའི་ཚུན་གྱི་ཆེས་སྡུག་པའི་ཚད་རེད་ཟེར། རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོའི་རྗེས་སུ། ས་ཧ་ལའི་ལྷོ་ཕྱོགས་ཀྱི་ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་དེ་ད་གཟོད་ཉིས་སྟོང་བཅུ་དགུ་ལོའི་ཆུ་ཚད་དུ་སླར་གསོ་བྱེད་ཐུབ་ཟེར།

འཛམ་གླིང་དངུལ་ཁང་གིས་ཉེ་སྔོན་སྤེལ་བའི་ཨ་ཧྥེ་རི་ཁ་གླིང་གི་འཕར་རྩ་ཞེས་པའི་སྙན་ཞུ་ལས། ཚོད་དཔག་བྱས་ན་ཉིས་སྟོང་ཉི་ཤུ་ལོར་ས་ཁུལ་དེའི་དཔལ་འབྱོར་བརྒྱ་ཆའི་གཉིས་མར་ཆག་ཡོད་ཅེས་བཤད་ཡོད། འཛམ་གླིང་དངུལ་ཁང་གིས་བཤད་རྒྱུར། ས་ཧ་ལའི་ལྷོ་ཕྱོགས་ཀྱི་ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱིས་སྐོར་ཐེངས་གསར་པའི་པྲོག་གསར་གློ་ཚད་ཀྱི་འགོག་སྡོམ་བྱེད་ཐབས་སྤྱད་པ་དང་མཉམ་དུ། འགོག་ཁབ་རྒྱ་ཆེར་ཁྱབ་གདལ་དུ་བཏང་བས། ས་ཁུལ་གྱི་དཔལ་འབྱོར་བསྐྱར་དར་ལ་རེ་བ་ཆེན་པོ་ཡོད་པ་དང་། ཚོད་དཔག་བྱས་ན་ཉིས་སྟོང་ཉེར་གཅིག་ལོར་ས་ཁུལ་གྱི་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་གསུམ་ནས་གསུམ་དང་གྲངས་ཆུང་བཞིའི་མཚམས་སུ་བསླེབ་ངེས་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།