ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་པས་མཉམ་ལས་དང་འགོག་སྨན་ནི་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བའི་ཐབས་ལམ་ཉག་ཅིག་ཡིན་པ་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར །  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཡོ་རོབ་གླིང་ས་ཁོངས་དོན་གཅོད་ཁང་གི་ཀྲུའུ་རིན་ཁི་ལུའུ་ཀི་ཡིས་ཚེས་བཅུ་དྲུག་ཉིན་ཞི་ལཱའི་རྒྱལ་ས་ཡཱ་ཏེན་ནས་བསྟན་དོན། མཉམ་ལས་དང་འགོག་སྨན་ནི་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བའི་ཐབས་ལམ་ཉག་ཅིག་ཡིན་ཟེར། 

ཁི་ལུའུ་ཀི་ཚེས་བཅོ་ལྔ་ཉིན་ཡཱ་ཏེན་དུ་འབྱོར་བ་དང་། དེའི་རྗེས་སུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཙུགས་པའི་ཡཱ་ཏེན་གཉོར་སྐྱོང་སྤུས་ཚད་དང་ནད་པའི་བདེ་འཇགས་ལྟེ་གནས་ཀྱི་ཡོལ་རས་ཕྱེ་བའི་མཛད་སྒོར་ཞུགས། ཁོས་ཚེས་བཅུ་དྲུག་ཉིན་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་དང་གྲོས་མོལ་བྱས། 

ཞི་ལཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཁི་ལུའུ་ཀི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། མཉམ་ལས་དང་འགོག་སྨན་ནི་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བའི་ཐབས་ལམ་ཉག་ཅིག་རེད་ཟེར། ཁོས་རྒྱལ་ཁབ་སོ་སོས་འགོག་སྨན་བརྒྱག་པའི་གཞི་རྒྱ་ཇེ་ཆེར་གཏོང་དགོས་པ་དང་། མང་ཚོགས་དག་འགོག་སྨན་བརྒྱག་པར་ཡིད་ཆེས་ཡོད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་བཤད་རྒྱུར། མིག་སྔར་འཛམ་གླིང་ཡོངས་སུ་ལོ་རེར་ཧ་ལམ་མི་ས་ཡ་བརྒྱད་གཉོར་སྐྱོང་མི་ལེགས་པའི་དབང་གིས་རྐྱེན་ལམ་དུ་ཤོར་བཞིན་ཡོད་པས། ཡོ་རོབ་གླིང་མང་ཚོགས་ལ་སྔར་ལས་བཟང་བའི་གཉོར་སྐྱོང་ཐོབ་དགོས་ཡོད། ཡཱ་ཏེན་གྱི་གཉོར་སྐྱོང་སྤུས་ཚད་དང་ནད་པའི་བདེ་འཇགས་ལྟེ་གནས་དེ་གསར་གཏོད་ཀྱི་མ་ལག་ཅིག་ཏུ་འགྱུར་སྲིད་པ་དང་། ཡོ་རོབ་གླིང་གི་རྒྱལ་ཁབ་ཚང་མར་དེ་ལས་ཁེ་ཕན་ཐོབ་སྲིད་ཟེར། 

མུས་ཙོ་ཐཱ་ཅི་སི་ཡིས་ཀྱང་ནན་གྱིས་བསྟན་དོན། འགོག་སྨན་བརྒྱབ་ན་བདེ་འཇགས་ཕན་ནུས་ལྡན་པ་དང་། འགོག་སྨན་བརྒྱག་པའི་ཕན་ཐོགས་དེ་ཉེན་ཁ་ལས་ཆེ་བ་ཡིན་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། གསར་དུ་བཙུགས་པའི་ཡཱ་ཏེན་གྱི་གཉོར་སྐྱོང་སྤུས་ཚད་དང་ནད་པའི་བདེ་འཇགས་ལྟེ་གནས་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡོ་རོབ་གླིང་ས་ཁོངས་སུ་ཆེས་མཐོའི་ཆུ་ཚད་ཀྱི་འཕྲོད་བསྟེན་ཕན་བདེ་དང་བདེ་ཐང་སྲུང་སྐྱོབ་མངོན་འགྱུར་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཡོ་རོབ་གླིང་ཤར་ལྷོའི་ཕྱོགས་ཀྱི་རྒྱལ་ཁབ་དང་ས་དཀྱིལ་མཚོ་ཁོངས་ཀྱི་རྒྱལ་ཁབ་དག་གི་མང་ཚོགས་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བར་ཕན་ཐོགས་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།